སྤྱི་འཐུས་བུ་མོ་ཚེ་རིང་མཆོག་དང་། སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་རྣམ་གཉིས་ས་བགོས་ལྟར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མི་མང་སྤྱི་འཐུས་བུ་མོ་ཚེ་རིང་མཆོག་དང་། སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་རྣམ་གཉིས་ཕྱི་ལོ ༢༠༡༤ ཟླ་ ༨ ཚེས་ ༢༠ ནས་ཕྱི་ཟླ་ ༨ ཚེས་ ༢༥ བར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་། ཚེས་ ༡༨ ཉིན་སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་སྡི་ལི་དང་སྦེང་ལོར་བརྒྱུད་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གི་མཐོ་སློབ་ཏུ་ཕེབས་འབྱོར་ཟིན་ནས་སྤྱི་འཐུས་བུ་མོ་ཚེ་རིང་མཆོག་དང་ལྷན་ཉིན་གུང་ཙམ་ལ་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས། དེར་ས་གནས་འགོ་འཛིན་གྱིས་གཙོས་པའི་ལས་བྱེད་དང་། ས་འཐུས་ཚོགས་གཙོ་གཙོས་པའི་ས་འཐུས་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་དང་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་དང་། གཞོན་ནུ། བུད་མེད་ཀྱི་ཚོགས་གཙོ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་འཐུས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་ཞུས།

ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཚོགས་ཁང་ནང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་ཀྱིས་གཙོས་པའི་དགེ་འདུན་པ་དང་།གངས་ཅན་རིག་གནས་སློབ་གྲྭའི་དགེ་སློབ་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བར་ལམ་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་གྲོས་ཆོད་ཁག་གི་དགོངས་དོན། mogtseཡུལ་ཁྲིམས་ལ་བརྩི་སྲུང་དང་ཡུལ་མིར་མཐུན་འབྲེལ་གནང་ཕྱོགས་གལ་ཆེ་ཡིན་སྐོར་སོགས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་རྗེས་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་དང་དོགས་སེལ་དགོས་རིགས་གནང་ཡོད།

ཉིན་རྒྱབ་ཏུ་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་པོ་དབུ་བཞུགས་ཐོག་གྲྭ་མང་དང་དགེ་སློབ་ཡོངས་ལ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་། ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་འོད་སྣང་སློབ་གྲྭའམ་དབུས་གཏན་འཇགས་སློབ་གྲྭའི་དགེ་སློབ་ཡོངས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་། ཉིན་རྒྱབ་ནས་ས་གནས་འགོ་འཛིན་དང་སྲི་ཞུའི་ལས་བྱེད་རྣམ་པ། ཚོགས་པ་དང་། སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འགན་ཡོད་ཡོངས་དང་ལྷན་བཞུགས་མོལ་ཚོགས་འདུ་གནང་སྟེ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་བ། བཞུགས་མོལ་གྲུབ་མཚམས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་གསར་པར་འཐུས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་འཐུས་མི་རྣམ་པ་མཉམ་ལྷན་ཚོགས་ཐོག་གཏམ་བཤད་དང་དྲི་བར་ལན་འདེབས་སོགས་གནང་། ཕྱི་ཚེས་ ༢༣ ཉིན་ཧོན་སུར་རབ་རྒྱས་གླིང་གཞིས་སྤྱིའི་ཚོགས་ཁང་ནང་ས་གནས་མི་མང་ལ་གཏམ་བཤད་དང་དྲི་བར་ལན་འདེབས་སོགས་གནང་། ཉིན་རྒྱབ་ས་གནས་དགོན་སྡེ་ཁག་ཏུ་གནས་གཟིགས་སུ་ཕེབས།

ཕྱི་ཚེས་ ༢༤ ཉིན་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ་སྡེ་ཚན་ཁག ས་གནས་འཕྲོད་བསྟེན་སྨན་ཁང་དང་། སྨན་རྩིས་ཁང་། དེ་བཞིན་རྒས་གསོ་ཁང་། གཞན་ཡང་གྲོང་སྡེ་ཁག་གི་ནང་ཉམ་ཐག་དང་ས་གནས་ཁག་ཏུ་གཟིགས་ཞིབ་གནང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་ས་གནས་འགོ་འཛིན་དང་ལས་བྱེད་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འབྲེལ་ཡོད་ནས་ཕེབས་སྐྱེལ་དང་བཅས་སྤྱི་འཐུས་རྣམ་གཉིས་རང་གནས་སུ་ཕེབས་ཕྱིར་གནང་བ་བཅས་ཀྱི་གནས་བསྡུས་སུ།