སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་གིས་བཀྲ་ཤིས་ལྗོངས་བོད་མིའི་སྡོད་སྒར་ཁག་དང་མན་ཌི་ཁྱབ་ཁོངས་སོགས་སུ་གཞུང་འབྲེལ་གཟིགས་བསྐོར་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༢ ནས་ཚེས་ ༢༧ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མན་ཌི། སྤོན་ཌོ་བཀྲ་ཤིས་གླིང་། མཚོ་པདྨ། སུན་རྡར་ན་གྷར། བཀྲ་ཤིས་ལྗོངས་བཅས་ཀྱི་ས་གནས་ཁག་སོ་སོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཟླ་ ༧ ཚེས་ ༢༨ ཉིན་བཞུགས་གནས་སྡེ་ར་ལྡུན་ལ་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཟླ་ ༧ ཚེས་ ༢༢ དགོང་དྲོ་སྡེ་ར་ལྡུན་ནས་རྡ་ས་བརྒྱུད་བཀྲ་ཤིས་ལྗོངས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ་བཀྲ་ཤིས་ལྗོངས་ཀྱི་ས་གནས་འབྲེལ་མཐུད་པ་རིན་ཆེན་དཔལ་ལྡན་ལགས་ནས་སྣེ་ལེན་ཕེབས་བསུ་གནང་བ་དང་། དེ་བཞིན་མན་ཌི། སྤོན་ཊོ་བཀྲ་ཤིས་གླིང་། མཚོ་པདྨ། སུན་རྡར་ན་གྷར་བཅས་སུ་ཕེབས་སྐབས་ཀྱང་ས་གནས་འགོ་འཛིན་གཙོས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཟླ་ ༧ ཚེས་ ༢༤ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་བཀྲ་ཤིས་ལྗོངས་ས་གནས་ཀྱི་དཔལ་ཕུན་ཚོགས་གླིང་དགོན་པར་གནས་མཇལ་གནང་བ་དང་། དེ་ནས་ས་གནས་ཀྱི་སྔོན་འགྲོའི་སློབ་གྲྭ བཤད་གྲྭ ས་གནས་ཀྱི་སྨན་ཁང་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན། རིམ་བཞིན་མན་ཌི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག མཚོ་པདྨར་རྟེན་གཞི་བྱས་པའི་དབུ་རྩེ་རི་ཁྲོད་དང་དགོན་སྡེ་ཁག་ལ་གནས་མཇལ། ས་གནས་མི་མང་དཔེ་མཛོད་ཁང་། སུན་རྡར་ན་གྷར་ས་གནས་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་སོགས་ལ་གཟིགས་བསྐོར་དང་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག

ལྷག་པར་དུ་གཟིགས་བསྐོར་སྐབས་མན་ཌི་ས་གནས་འགོ་འཛིན་དང་ལྷན་མན་ཌི་རྗོང་ཁོངས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་ལྕམ་སྐུ་ (Smt.Neelam Sharma,President,Mandi Municipal Council) མཆོག་དང་། ཚོགས་གཞོན་སྐུ་ཞབས་ (Shri.Vishal Thakur,Vice President, Mandi Municipal Council) མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ (Shri. Pushpa Raj) མཆོག་བཅས་དང་མཇལ་འཕྲད་གནང་བ་དང་། དེ་བཞིན་ས་གནས་ཀྱི་ཉེན་རྟོག་འགོ་འཛིན་ (Shri,Ashok Kumar,S.P) མཆོག སྐུ་ཞབས་ (Shri Kulbushan Verma,A.S.P) མཆོག  སྐུ་ཞབས་ (Shri Hitesh Lakhan Pal, D.S.P) མཆོག་བཅས་དང་མཇལ་འཕྲད་གནང་ཡོད་འདུག མཇལ་འཕྲད་སྐབས་སྤྱི་འཐུས་མཆོག་ནས་ས་གནས་བོད་མིར་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བསྐུལ་ཡང་ཞུས་གནང་ཡོད་འདུག ཆབས་ཅིག་སྤྱི་འཐུས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ཀྱང་ཁོང་རྣམ་པར་གསུངས་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་ཐེངས་ ༤ གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་ནས་གཙོ་བོ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་རིམ་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག

དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༦ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།