སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་གཞུང་འབྲེལ་གཟིགས་བསྐོར་གནང་བཞིན་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༢ ནས་ཚེས་ ༢༧ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མན་ཌི། སྤོན་ཊོ་བཀྲིས་གླིང་། མཚོ་པདྨ། སུན་རྡར་ན་གྷར། བཀྲིས་ལྗོངས་བཅས་ཀྱི་ས་གནས་ཁག་སོ་སོའི་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ་བཞིན་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༣ ཉིན་བཀྲ་ཤིས་ལྗོངས་སུ་ཕེབས་འབྱོར་གནང་བ་དང་། ཕྱི་ཚེས་ ༢༤ ནས་ཚེས་ ༢༥ བར་ས་གནས་སུ་ལས་རིམ་ལྟར་དགོན་སྡེ་ཁག་དང་། སློབ་གྲྭ སྨན་ཁང་སོགས་སུ་གཟིགས་བསྐོར་དང་མི་མང་ལ་གསུང་བཤད་གནང་ཡོད་འདུག ཕྱི་ཚེས་ ༢༦ ནས་ཚེས་ ༢༧ བར་གོང་འཁོད་ས་གནས་གཞན་ཁག་ལ་ལས་རིམ་བཞིན་གཟིགས་བསྐོར་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༨ པར་མན་ཌི་ནས་བཞུགས་གནས་སྡེ་ར་ལྡུན་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།