
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༣ ཉིན་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། དེ་རྗེས་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་དང་མཛད་རིམ་སྐོར་ལ་ཚོགས་འདུ་ཚོགས་གནང་འདུག

ཕྱི་ཟླ་ ༩ པའི་ཚེས་ ༣ ཉིན་ནས་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་དངོས་སུ་འགོ་བཙུགས་གནང་ཞིང་། དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡༡།༠༠ བར་བདེ་སྐྱིད་གླིང་གཞིས་ཆགས་མང་ཚོགས་ལ་གསུང་བཤད་གནང་བ་དང་།

དེ་རྗེས་ས་གནས་འཐུས་ཚོགས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་སྨན་རྩིས་ཁང་བཅས་ལ་འཚམས་གཟིགས་གནང་ཡོད་འདུག

ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་འབྲི་གུང་བཀའ་བརྒྱུད་དགོན་པར་མཆོད་མཇལ་འཚམས་གཟིགས་ལ་ཕེབས་ཏེ། འབྲི་གུང་མཁན་ཆེན་རང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་།

དེ་ནས་མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འོག་ཡོད་པའི་སྟོང་བཙན་རྐང་སྤོལ་རྩེད་ཐང་། སྲོང་བཙན་དཔེ་མཛོད་ཁང་བཅས་ལ་འཚམས་གཟིགས་ཕེབས་གནང་ཡོད་འདུག་པ་བཅས།
