
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༠ ནས་ ༢༤ བར་རྒྱ་གར་བྱང་ཤར་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། ཀ་སྦུག་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་སྒང་ཏོག་ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༢ ནས་ ༡༦ བར་སྒང་ཏོག་ས་འགོའི་ཁྱབ་ཁོངས་སུ་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༧ ཉིན་སྒང་ཏོག་ནས་ར་ཝང་ལར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༨ ཉིན་ར་ཝང་ལ་ས་འགོའི་ཁྱབ་ཁོངས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་ར་ཝང་ལ་ནས་ཀ་སྦུག་ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༠ ནས་ ༢༡ བར་ཀ་སྦུག་ས་འགོའི་ཁྱབ་ཁོངས་སུ་ལས་རིམ། ཕྱི་ཚེས་ ༢༢ ཉིན་ཀ་སྦུག་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།