སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་བལ་ཡུལ་སྤོག་ར་གློ་སྒྲིག་བྱམས་པ་གླིང་དུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས། བལ་ཡུལ་སྤོག་ར་གློ་སྒྲིག་བྱམས་པ་གླིང་དང་དཔལ་འབྱོར་གླིང་། དེ་བཞིན་བཀྲ་ཤིས་སྒང་བཅས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་ཀརྨ་བཟོད་པ་ལགས་དང་ལྷན་གློ་སྒྲིག་བྱམས་པ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སྟག་ལུང་དགོན་པའི་སྐུ་ཚབ། བརྒྱ་དཔོན། སློབ་གྲྭའི་དགེ་ཆེ། དེ་བཞིན་ས་གནས་གཞོན་ནུ་དང་། ས་གནས་བུད་མེད་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

སྤྱི་འཐུས་རྣམ་གཉིས་ནས་ས་གནས་འགོ་འཛིན་ལས་ཁུངས་སུ་གོང་འཁོད་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཆེད་བསྐོངས་གནང་སྟེ་བཞུགས་མོལ་ཚོགས་འདུ་ཚོགས་ཤིང་། ས་གནས་འགོ་འཛིན་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་རྗེས། མི་མང་གི་བསམ་ཚུལ་དང་བདེ་སྡུག་ཁག་གསན་ཞིབ་རྒྱུས་ལོན་དང་། ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་འདུག

བཞུགས་མོལ་ཚོགས་འདུ་གྲུབ་རྗེས། གཞིས་སྒར་གྱི་ས་འཐུས་ཚོགས་ཁང་དང་། ས་གནས་རང་ཚོགས་ཀྱི་ལས་ཁུངས། མི་མང་ཚོགས་ཁང་། རྒས་གསོ་ཁང་། ལེགས་བཤད་ཚལ་འབྲིང་རིམ་འོག་མའི་སློབ་གྲྭ། ས་གནས་བུད་མེད་ཀྱི་ལས་ཁུངས། ས་གནས་གཞོན་ནུའི་ལས་ཁུངས། དེ་བཞིན་འཕྲོད་བསྟེན་སྨན་ཁང་བཅས་སུ་རིམ་པས་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་འདུག

གཞན་ཡང་། སྤྱི་འཐུས་རྣམ་གཉིས་ནས་སྟག་ལུང་དགོན་པར་མཆོད་མཇལ་དང་གཟིགས་སྐོར་གནང་ཡོད་པ་དང་། སྐབས་དེར་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱང་མཇལ་ཁ་ཞུས་ཏེ་སྤྱི་འཐུས་རྣམ་གཉིས་ནས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་སྐོར་གྱི་གནས་ཚུལ་སྙན་གསེང་སྒྲོན་འབུལ་དང་ལྷན། ཐེངས་འདིའི་སྤོག་ར་ཁུལ་གྱི་གཟིགས་སྐོར་ལེགས་པར་གྲུབ་པའི་གནས་ཚུལ་བཅས།