སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་དང་། གློ་སྒྲིག་བཀྲ་ཤིས་སྒང་གཉིས་སུ་གཞུང་འབྲེལ་གཟིགས་སྐོར་ལེགས་གྲུབ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ པའི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས། བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་དང་གློ་སྒྲིག་བཀྲ་ཤིས་སྒང་གཞིས་ཆགས་གཉིས་སུ་འཚམས་གཟིགས་གནང་ཡོད།

དེའང་སྤྱི་འཐུས་རྣམ་གཉིས་ཐོག་མར་སྤོག་ར་གློ་སྒྲིག་བྱམས་པ་གླིང་དང་དཔལ་འབྱོར་གླིང་། དེ་བཞིན་བཀྲ་ཤིས་སྒང་བཅས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་ཀརྨ་བཟོད་པ་ལགས་དང་ལྷན་གློ་སྒྲིག་དཔལ་འབྱོར་གླིང་དུ་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བརྒྱ་དཔོན། སློབ་གྲྭའི་དགེ་ཆེ་སོགས་ཀྱིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་མཇལ་དར་དང་ལྷན་ཕེབས་བསུའི་སྣེ་ལེན་ཞུས།

ཕེབས་བསུའི་སྣེ་ལེན་གྲུབ་པ་དང་ས་གནས་འགོ་འཛིན་ལས་ཁུངས་སུ་གོང་འཁོད་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཤིང་། ས་གནས་འགོ་འཛིན་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་རྗེས། མི་མང་གི་བསམ་ཚུལ་དང་བདེ་སྡུག་ཁག་ལ་རྒྱུས་ལོན་དང་ལན་འདེབས་གསལ་བཤད་སོགས་གནང་། བཞུགས་མོལ་ཚོགས་འདུ་གྲུབ་པ་དང་ས་གནས་སུ་ཡོད་པའི་ཤངས་དགའ་ལྡན་ཆོས་འཁོར་གླིང་དགོན་པ་དང་། གློ་སྒྲིག་དཔལ་འབྱོར་གླིང་མཉྫུ་ཤྲཱི་གཞི་རིམ་སློབ་གྲྭ། ས་གནས་རང་ཚོགས་ཀྱི་ལས་ཁུངས། དེ་བཞིན་སྨན་རྩིས་ཁང་། གཞིས་ཁང་སོགས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་འདུག

གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་སུ་ལས་རིམ་ཁག་ལེགས་པར་གྲུབ་རྗེས། སླར་ཡང་གློ་སྒྲིག་བཀྲ་ཤིས་སྒང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། དེ་གའི་སྤྱི་མི་བརྒྱ་དཔོན་དང་། མི་མང་ནས་མཇལ་དར་བསྣམས་ཏེ་ཕེབས་བསུའི་སྣེ་ལེན་དང་ལྷན། སྤྱི་འཐུས་རྣམ་གཉིས་ནས་མི་མང་ཐུག་འཕྲད་དང་། དེ་བཞིན་གཞིས་ཁང་དང་ས་ཆ་སོགས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་འདུག

དགོང་དྲོར་སྤོག་ར་ཁུལ་གྱི་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་དང་། བཀྲ་ཤིས་གླིང་ས་གནས་འགོ་འཛིན། དེ་བཞིན་གློ་སྒྲིག་བྱམས་པ་གླིང་ས་གནས་འགོ་འཛིན་བཅས་ཐུན་མོང་ནས་སྤྱི་འཐུས་རྣམ་གཉིས་སྤོག་ར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བར་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་འདུག་པ་བཅས། །