༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས། བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་བཀྲ་ཤིས་ཚེ་བརྟན་ལགས་དང་ལྷན་གློ་ཚེ་རོག་རྣམ་རྒྱལ་གླིང་དུ་ཕེབས་འབྱོར་སྐབས། ས་གནས་རང་བདེན་ཚོགས་གཙོ་དང་ཚོགས་མི། ས་གནས་འབྲེལ་མཐུད་པ། ལས་བྱེད། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་མཇལ་དར་སྒྲོན་འབུལ་ཐོག་ས་གནས་འབྲེལ་མཐུད་ལས་ཁུངས་ནང་གཞིས་མིའི་ལས་ཀྱི་སྣེ་མོ་བ་རྣམས་དང་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་དང་། དེ་རྗེས་གཞིས་ཆགས་ཚོགས་ཁང་ནང་མི་མང་ཚོགས་འདུ་ཚོགས་ཤིང་།
སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ཐོག་བོད་དོན་གནས་ཚུལ་སྤྱི་དང་། ལྷག་པར་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་ཇི་བྱུང་སྐོར་གྱི་གསུང་བཤད་དང་། མང་ཚོགས་ནས་དགོངས་ཚུལ་དང་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་།
དེ་བཞིན་གཞིས་ཆགས་ཀྱི་དགོན་པ་དང་། སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། དམིགས་བསལ་ཆུ་རུད་ཀྱིས་གཞིས་སར་དཀའ་ངལ་འཕྲད་མུས་ཡིན་པའི་ཡུལ་དངོས་སུ་ཆེད་བཅར་གནང་སྟེ་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་མཐིལ་ཕྱིན་གནང་ཡོད་པ་བཅས།










