སྤྱི་འཐུས་པདྨ་འབྱུང་གནས་མཆོག་མེའོ་ཆོས་འཕེལ་གླིང་དང་། ཏི་རྗུ་དར་རྒྱས་གླིང་། ཀྲུ་ཀྲིང་། ཨི་ཀྲ་ནཱ་གར་བཅས་ཀྱི་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་འཚམས་གཟིགས་སུ་ཕེབས་པ།

དང་པོ། མེའོ་ཆོས་འཕེལ་གླིང་།

DSCN0117

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ ཉིན་རྡ་ས་ནས་ཐོནགནང་གིས་ཟླ་ ༧ ཚེས་ ༡ སྔ་དྲོ་ལྡི་ལིར་ཕེབས་འབྱོར་ལྟར་བོད་སྒར་བསམ་ཡས་གླིང་ནས་ལྡི་ལི་དོན་གཅོད་ཁང་དུ་ས་མཚམས་ཁག་ཏུ་ཕེབས་འཐུས་ཆོག་པའི་ཐོངས་མཆན་ཞུས་པ་བཞེས་པར་ཕེབས། ཚེས་ ༢ སྔ་དྲོ་ཆུ་ཚོད་ ༡༠།༥༠ ཐོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་སྟེ་ཆུ་ཚོད་ ༡།༠༠ ཙམ་ལ་རྡིབ་རུ་སྒར་ལ་ཕེབས་འབྱོར་སྐབས་གནམ་ཐང་གི་ཕྱི་རུ་མེའོ་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་གཉིས་ཀྱིས་སྣེ་ལེན་གུང་ཚིགས་མངའ་སྡེའི་རྫོང་གི་མགྲོན་ཁང་དུ་རོལ་རྗེས་མེའོ་གཞིས་ཆགས་སུ་རྡོག་ཐོན་གནང་སྟེ་དགོང་དྲོ་ཆུ་ཚོད་ ༧།༠༠ པ་ཙམ་ལ་དངོས་སུ་འབྱོར་ནས་དེར་གཞིས་ཀེམ་ལྔ་ཡི་སྤྱི་མི་བརྒྱ་དཔོན་དང་། ལས་བྱེད། རང་ཚོགས། མཉམ་འབྲེལ། འཕྲོད་བསྟེན། གཞོན་ནུ་བུད་མེད་བཅས་ཀྱི་སྐུ་ཚབ་ནས་སྣེ་ལེན་ཞུས། ཚེས་ ༣ སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ཆུ་ཚོད་ ༡༢།༠༠ བར་མེའོ་གཞིས་ཆགས་ཀྱི་མི་མང་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་དང་། དོགས་འདྲི་ཁག་ལ་བཀའ་ལན་གནང་། དེ་ནས་ཞིང་ཆུ་འདྲེན་གཏོང་གི་ལས་གཞིར་རྟོག་ཞིབ་གནང་། ཕྱི་དྲོ་ཆུ་ཚོད་ ༡།༣༠ ནས་ས་འགོའི་ཁྱབ་ཁོངས་གཞིས་དགོན་པདྨ་ཆོས་གླིང་དུ་ཆོས་མཇལ་ཞུས་པ་དང་འབྲེལ། འཕྲོད་བསྟེན་ཡན་ལག་སྨན་ཁང་དང་། རྒས་གསོ་ཁང་། མཉམ་འབྲེལ། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་བལྟ་སྐོར་བྱས་པའི་རྗེས་དེ་གའི་ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་ཚོར་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཞིག་ས་འཐུས་ཚོགས་གཙོས་འབོད་སྐུལ་ཞུས་དོན་ལྟར་ཆུ་ཚོད་གཉིས་ཙམ་རིང་ཟབ་སྦྱོང་གནང་འདུག

གཉིས་པ། ཏི་རྫུ་དར་རྒྱས་གླིང་།

DSCN0181

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༤ པའི་ཐོག་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་ཕེབས་ཐོན་གནང་སྟེ་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ཏིི་རྫུ་དར་རྒྱས་གླིང་དུ་འབྱོར་ནས་ས་གནས་འགོ་འཛིན་གྱིས་གཙོས་པའི་ས་འཐུས་ཚོགས་གཙོ་དང་རང་ཚོགས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་། སྨན་རྩིས་ཁང་གི་སྨན་པ། གཞིས་གྲོང་ལྔ་ཡི་སྤྱི་མི་དང་ལས་བྱེད་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་ཏི་རྫུ་དར་རྒྱས་གླིང་གི་གཞིས་མཉམ་གཉིས་ཀྱི་ལས་ཁུངས་དང་། ས་གནས་ཉིན་སློབ་དང་བུ་བཅོལ་ཁང་གཉིས། འཕྲོད་བསྟེན་ཡན་ལག་སྨན་ཁང་། རྒས་གསོ་ཁང་བཅས་ལ་གཟིགས་སྐོར་དང་། གཞིས་དགོན་ཁག་གསུམ་ལ་ཆོས་མཇལ་ཞུས། ཚེས་ ༥ སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ཆུ་ཚོད་ ༡༢།༠༠ བར་ཏི་རྫུ་མི་མང་ལ་འཚམས་ཞུ་དང་འབྲེལ་གསུང་བཤད་དང་དྲི་བ་ཁག་ལབཀའ་ལན་གནང་། ཆུ་ཚོད་ ༡།༠༠ པོ་ནས་ ༣།༣༠ བར་སློབ་ཕྲུག་ཚོར་གཏམ་བཤད་རྗེས་ས་འཐུས་རྣམས་ལ་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་། ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་མཛད་སྒོར་མཉམ་ཞུགས་གནང་སྟེ་སྤྱི་ལྷན་གྱི་གསུང་འཕྲིན་སྒྲོག་སྦྱང་གནང་།

གསུམ་པ། ཀྲུ་ཀྲིང་།

DSCN0203

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༤ པའི་ཐོག་ཏི་རྫུ་ནས་ཕེབས་ཐོན་གྱི་ལམ་བར་དུ་ཤིང་གྲུའི་ནང་དུའང་ཆུ་ཚོད་ཕྱེད་ཙམ་ཕེབས་དགོས་བྱུང་ནས་གཙང་ཆུའི་ཕ་རོལ་དུ་འབྱོར་སྐབས་ཀྲུ་ཀྲིང་ས་གནས་འགོ་འཛིན་ཕེབས་བསུར་བཅར་ནས་སླར་ཡང་ཤིང་གྲུའི་ཐོག་ཏུ་སྣུམ་འཁོར་བཞག་སྟེ་ཕེབས་དགོས་བྱུང་། དེ་ནས་སྣུམ་འཁོར་ནང་ཕེབས་ཐོན་གྱིས་ཡིན་སྐྱོང་ས་གནས་སུ་མཚན་བསྡོད་གནང་། ཚེས་ ༨ སྔ་དྲོ་ཆུ་ཚོད་ ༤ པའི་ཐོག་ཡིན་སྐྱོང་ནས་ཀྲུ་ཀྲིང་ཕྱོགས་ལ་ཕེབས་ཐོན་གནང་ནས་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་འབྱོར་ཏེ་ས་གནས་དགོན་པའི་ལས་སྣེ་དང་། བརྒྱ་དཔོན། ལས་བྱེད་བཅས་ནས་སྣེ་ལེན་ཞུས་འདུག ཕྱི་ཚེས་ ༩ ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་ཀྲུ་ཀྲིང་ཁུལ་གྱི་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པར་ཆོས་མཇལ་ཞུས་ནས་འགྲེམས་སྟོན་ཁང་དང་། ས་གནས་འགོ་འཛིན་ལས་ཁུངས། འཕྲོད་བསྟེན་ཡན་ལག་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཡན་ལག་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་གནང་བའི་མཉམ་དུ་ཉམ་ཐག་ཁྱིམ་ཚང་བཅུ་གྲངས་དང་གསང་སྤྱོད་ཀྱི་ལས་གཞི་བཅས་ལ་གཟིགས་སྐོར་དུ་ཕེབས་རྗེས་ཀི་ལོ་མི་ཊར་ ༧ ཙམ་དུ་ཡོད་པའི་དགེ་གླིང་དུ་བལྟ་སྐོར་དང་། མེག་མོ་ཧན་ས་ཐིག་གི་ས་ཆ་གཟིགས་ཡོད། ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡༢།༣༠ བར་ཀྲུ་ཀྲིང་མི་མང་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་དང་། དྲི་བར་ལན་འདེབས་བཅས་གནང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༣།༣༠ བར་ས་འགོ་དབུས་པའི་ལས་བྱེད་དང་བརྒྱ་དཔོན་སོགས་ཀྱི་མཉམ་ཞུགས་ཚོགས་འདུ་འཚོགས་གནང་ཡོད། ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༤ པའི་ཐོག་ལ་ཀྲུ་ཀྲིང་ས་གནས་ནས་ཕེབས་ཐོན་གནང་སྟེ་དགོང་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་པ་སི་གཌ་ལ་འབྱོར་ནས་བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཞུས། ས་གནས་སུ་སླེབས་མ་ཐག་ཨི་ཊ་ནཱ་སྒར་མི་མང་བཅོ་ལྔ་ཙམ་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་དང་དྲི་བ་ཁག་ལ་བཀའ་ལན་གནང་ཡོད།

DSCN0216 ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༧ པ་ཙམ་ལ་བསྟན་སྒང་ནས་ཨི་ཊི་ནཱ་སྒར་ཕྱོགས་ལ་ཕེབས་ཐོན་གྱིས་རིམ་བཞིན་གོ་ཝ་ཧ་ཀྲིར་འབྱོར། དེ་ནས་མཁའ་ལམ་དང་རླངས་འཁོར་ནས་ཕེབས་ཏེ་ཚེས་ ༡༤ དགོང་དྲོ་ཆུ་ཚོད་ ༨ པར་ལྡི་ལིར་བདེ་ཕེབས་ཀྱིས་ཉིན་ཤས་སྒེར་དོན་ཆེད་ལྡི་ལིར་ཞུགས་དགོས་བྱུང་། ཚེས་ ༢༢ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་བཅས་དང་།

ད་རེས་ས་གནས་སུ་འཚམས་གཟིགས་ཕེབས་པའི་ལས་བསྡོམས་གནང་འབྱོར་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་ཁུངས་ཁག་ནས་ས་གནས་ཁག་གི་དཀའ་སེལ་དགོས་རིགས་གནས་དོན་དོན་ཚན་ ༡༧ འགོད་འབུལ་འདུག་པ་རྣམས་དཀའ་སེལ་ཕྱག་བལྟར་གནང་ཐབས་སླད་འཛིན་སྐྱོང་བཀའ་ཤག་ལ་ཟུར་འབུལ་ཞུ་རྒྱུ་ཡིན་པ་དང་། ཡང་འཚམས་གཟིགས་ལས་བསྡོམས་ནང་མང་ཚོགས་ཀྱི་དགོངས་འཆར་དང་ངོས་ཀྱི་མཐོང་ཚུལ་ཞེས་དོན་ཚན་ ༥ ཅན་ཞིག་འགོད་འབུལ་གནང་འདུག་པའི་དོན་ཚན་གཅིག་ལ། མ་འོངས་པར་ས་བགོས་ལ་ཕེབས་མཁན་ཚོའི་དགོངས་པར་བཞག་དགོས་པ་ཞིག་ལ་མེའོ་གཞིས་ཆགས་དང་། ཏི་རྫུ་ལ་ཕྱི་ཟླ་གཉིས་པ་གསུམ་པའི་ནང་ལ་ཕེབས་ན་ལེགས་པ་དང་། ཀྲུ་ཀྲིང་ལ་ཕྱི་ཟླ་བཅུ་གཅིག་ཁེ་གཙང་ལ་ཕེབས་ཐུབ་ཚེ་ཆར་ཞོད་ཀྱི་དཀའ་ངལ་མེད་པ་སོགས་ཀྱི་ཁྱད་པར་ཆེན་པོ་ཡོོང་བཟོར་མངོན་པ། ཀྲུ་ཀྲིང་དུ་འགྲོ་བའི་སྐབས་ལ་དང་པོ་དེར་ཕར་ལ་ཇི་ལྟར་ཐར་རམ་དགོངས་ནས་ཕེབས་པ་དང་། དེ་ནས་ཕར་ལ་ཐར་ནའང་ཚུར་ལ་ཇི་ལྟར་ཐར་ཡོང་དགོངས་ནས་ཕེབས་ཡོང་བ་། མདོ་དོན་འཁོར་ལོ་བརྒྱ་ཆ་བརྒྱ་ནས་བརྒྱ་དགུ་བཅུ་གོ་བརྒྱད་འདམ་རྫབ་དང་ཆུའི་ཐོག་ལ་སྣུམ་འཁོར་དུ་ཕེབས་དགོས་བྱུང་འདུག ཆར་ཞོད་མེད་པའི་སྐབས་ལ་ལམ་བར་དུ་སྐྱོན་ཡོད་བཟོ་མི་འདུག་ཅེས་འཁོད་འདུག་པ་བཅས་ཀྱི་གནས་ཚུལ་དུ།།