སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་སྤྱི་ལྷན་གྱི་ས་བགོས་ལྟར་ཀ་སྦུག་ས་གནས་འགོ་འཛིན་ཁྱབ་ཁོངས་དང། སྒང་ཏོག ར་སྦང་ལ་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

DSCN0376བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་སྤྱི་ལྷན་གྱི་ས་བགོས་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༠ ནས་ཚེས་ ༢༩ བར་ས་བགོས་ས་ཁུལ་ཁག་ལས་སུད་ཚོང་ས་ཁུལ་ཁག་ཕུད་པའི་ཀ་སྦུག་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་དང། སྒང་ཏོག་ས་གནས་འགོ་འཛིན་ཁྱབ་ཁོངས་ས་ཁུལ་ཁག ར་ལྦང་ལ་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་ལྡི་ལིར་ཐོན་གནང་ཡོད་པ་དང་། ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་གནམ་ཐང་བརྒྱུད་བྷག་ཌོ་རར་འབྱོར་བ་དང་སྦྲགས། ཀ་སྦུག་ས་གནས་འགོ་འཛིན་ནས་སྣེ་ལེན་ཕེབས་བསུ་འོག་ས་ལུ་སྒ་རའི་མི་མང་གྲངས་ ༤༥ ལ་སྲས་རྒྱུད་གྲྭ་ཚང་གི་འདུ་ཁང་དུ་སྤྱི་འཐུས་མཆོག་རྣམ་གཉིས་ནས་གསུང་བཤད་གནང་བ་དང་། དེའི་དགོང་མོ་ས་ལུ་སྒ་རའི་མགྲོན་ཁང་དུ་བཞུགས།

ཚེས་ ༡༣ ཉིནཨོཌ་ལ་སྦ་རིར་ཐོན་ནས་ཨོཌ་ལ་སྦ་རིའི་མི་མང་མ་ཎི་ལྷ་ཁང་གི་ཚོགས་ཁང་ཆུང་ཆུང་རྙིང་པ་དེར་མི་གྲངས་ ༡༤ ལ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། མང་གཙོའི་འཕེལ་རིམ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྐོར་གསུང་བཤད་གནང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་རིམ་དང་འབྲེལ་བ་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས། དྲི་བ་དང་དཀའ་ངལ་ཞུས་པ་རྣམས་ལ་དཀའ་སེལ་མཇུག་སྐྱོང་དགོས་རིགས་མཐིལ་ཕྱིན་གནང་། དེ་རྗེས་ཕྱི་དྲོ་ཛ་ཡེ་སྒའོ་ལ་ཐོན་ནས་མི་མང་སྐུ་ཚབ་གྲངས་ ༡༣ ཙམ་ལ་གསུང་བཤད་གནང་བ་དང། དེའི་དགོང་མོ་འབྲུག་ཕུན་ཚོགས་གླིང་གི་མགྲོན་ཁང་དུ་བཞུགས།DSCN0194

ཚེས་ ༡༤ ཉིན་ཀ་སྦུག་ཏུ་ཐོན་ནས་ཆུ་ཚོད་ ༡༢་༣༠ ཐོག་ཀ་སྦུག་མི་མང་གྲངས་ ༥༦ ཙམ་ལ་སྤྱི་འཐུས་རྣམ་གཉིས་མཆོག་ནས་གོང་མཚུངས་བརྗོད་གཞི་ཐོག་གསུང་བཤད་གནང་བ་དང། དྲི་བ་དང་དྭོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་།

ཚེས་ ༡༥ ཉིན་ལ་ཝ་རུ་ཐོན་ནས་དེ་གའི་མི་གྲངས་  ༡༦ ལ་གོང་མཚུངས་གསུང་བཤད་གནང་བ་དང་། དེ་ནས་ཚུར་ལམ་དུ་ཨ་ལ་སྒ་ར་དང་སྤོས་གདོང་གཉིས་ཀྱི་མི་མང་གྲངས་ ༡༣ ལ་གསུང་བཤད་གནང་ཡོད།

ཚེས་ ༡༦ ཉིན་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་ལ་འཚམས་ཞུར་བཅར་བ་དང་། སྒང་ཏོག་ཏུ་ས་གནས་འགོ་འཛིན་དང་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་ནས་སྣེ་བསུ་ཞུས། དེ་ནས་མེ་ལེ་ ༤ པར་གཏམ་བཤད་བྱ་རྒྱུའི་ཆེད་བཅར་རུང་མི་མང་མེད་སྟབས་ཕྱིར་ལོག་གནང་འདུག དེའི་རྗེས་ལ་བྱང་ཐང་སྒོར་ཐོན་ཡོད་པ་དང་། ཕྱི་དྲོ་ལ་བྱང་ཐང་སྒོ་དང་ལྷོ་ནག་འབྲོག་པའི་སྐུ་ཚབ་བཅས་མི་གྲངས་ ༡༦ ལ་གསུང་བཤད་གནང་།

ཚེས་ ༡༨ ཉིན་གུ་རུ་གདོང་དམར་མཇལ་བའི་རྗེས་འབྲོང་སྒུག་ཏུ་ཕེབས་ནས་ཉིན་གུང་ཙམ་ལ་འབྲོང་སྒུག་འབྲོག་པ་གྲངས་ ༧ ལ་གཏམ་བཤད་གནང་ཡོད་པ་དང་། ཕྱི་དྲོ་ལ་བྱང་ཚ་འདིང་མི་མང་གྲངས་ ༡༣ ཙམ་ལ་གསུང་བཤད་གནང་།DSCN0426

ཚེས་ ༡༩ མུ་ཤི་ཐང་ལ་ཐོན་པ་དང་དེའི་མི་མང་གྲངས་ ༩ ལ་གསུང་བཤད་གནང་བ་དང་། དེ་རྗེས་ལ་ཆུང་དུ་ཕེབས་ནས་དེའི་མི་མང་གྲངས་ ༨ ལ་གསུང་བཤད་གནང་། ཕྱི་དྲོ་ཅུང་ཐང་དུ་ཕེབས་ནས་དེའི་མི་མང་གྲངས་ ༩ ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་།

ཚེས་ ༢༠ ཉིན་ཅུང་ཐང་ནས་སྤ་གོང་ལ་ཐོན། སྤ་གོང་དུ་མི་མང་གྲངས་ ༡༡ ལ་གསུང་བཤད་དང་དཀའ་ངལ་ཡོད་པ་རྣམས་རེ་རེ་བཞིན་མཇུག་སྐྱོང་གནང་། དེ་ནས་མན་གན་དུ་ཕེབས་ནས་མན་གན་མི་མང་གྲངས་ ༧ ལ་གཏམ་བཤད་གནང་།

ཚེས་ ༢༡ ཉིན་ཕ་དམ་ཅན་ཁྱིམ་ཚང་རེ་ཟུང་དང་རྫ་ལུག་ཁྱིམ་ཚང་རེ་ཟུང་བཅས་ལ་ཐུག་འཕྲད་དང་རྟོག་ཞིབ་གནང་། དེ་ནས་ནག་ཐང་དུ་རྡོག་ཐོན་གནང་། ནག་ཐང་འཐུས་མི་དང་ས་འཐུས་གཅིག་ལྕོག་ནས་སྣེ་བསུ་ཞུས། ཕྱི་དྲོ་ཆུ་ཚོད་ ༥ ཙམ་ནས་ནག་ཐང་མི་གྲངས་ ༡༥ ཙམ་ལ་གསུང་བཤད་གནང་ཡོད་པ་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་།

ཚེས་ ༢༢ ཉིན་ནག་ཐང་ནས་ཀུ་བུབ་ལ་ཐོན། ཀུ་བུབ་ཏུ་ས་གནས་མི་མང་གྲངས་ ༧ ལ་གཏམ་བཤད་གནང་་བ་དང་། སྣ་ཐོད་ལ་བརྒྱུད་མཚོ་མགོར་ཐོན། མཚོ་མགོར་མི་གྲངས་ ༡༢ ཙམ་ལ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་། དེ་ནས་མར་མེ་ལེ་ ༡༥ ལ་ཐོན།  དེའི་མི་མང་གྲངས་ ༡༠ ཙམ་ལ་གསུང་བཤད་གནང་།

ཚེས་ ༢༣ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་བྱེས་ཀྱི་གདན་ས་རུམ་བཏེག་ཏུ་ཐོན་པར་སྒང་ཏོག་ས་གནས་རང་ཚོགས་ཀྱི་ཚོགས་གཙོ་དང། མཚུར་བུ་བླ་བྲང་གི་སྐུ་ཚབ། རུམ་བཏེག་དགོན་པའི་སྐུ་ཚབ་བཅས་ནས་སྣེ་བསུ་ཞུས།  དེ་རྗེས་རུམ་བཏེག་དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་བྱིན་ཅན་ཁག་མཇལ་བར་ཕེབས་གནང་སྟེ། དེའི་ས་གནས་མི་མང་གྲངས་ ༣༥ ཙམ་ལ་གསུང་བཤད་གནང་། ཕྱི་དྲོ་སྒང་ཏོག་ཏུ་ཕེབས་ནས་དེའི་མི་མང་གྲངས་ ༩༠ ཙམ་ལ་གཏམ་བཤད་གནང་།DSCN0338

ཚེས་ ༢༤ ཉིན་རེས་གཟའ་ཉི་མ་ཡིན་སྟབས་སྤྱི་འཐུས་རྣམ་གཉིས་ངལ་གསོ་གནང་། ཚེས་ ༢༥ ཉིན་ར་ལྦང་ལ་ས་གནས་འགོ་འཛིན་དང་ལྷན་དུ་རྩ་ཆེའི་གནས་ཆེན་བཀྲ་ཤིས་སྒང་དུ་གནས་མཇལ་ཞུས་པ་དང་།

ཚེས་ ༢༦ ཉིན་རྒྱབ་ཏུ་ས་ལུ་སྒ་རར་ཐོན། དེ་ནས་ར་ལྦང་ལ་མི་མང་གྲངས་ ༡༠༠ ལྷག་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།

ཚེས་ ༢༧ ཉིན་ཕྱོགས་ཕེབས་ཀྱི་ལས་དོན་ལེགས་གྲུབ་བྱུང་སྟེ་ (NJP) ཨེན་ཇེ་པི་ནས་མེ་འཁོར་བརྒྱུད་ལྡི་ལི་དང་།  ཚེས་ ༢༨ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་ནས་སྤྱི་སྤྱོད་སྣུམ་འཁོར་བརྒྱུད་ཚེས་ ༢༩ སྔ་དྲོ་རྡ་སར་ཕྱིར་ཕེབས་གནང་ཡོད་པ་རེད།   གོང་གསལ་སྤྱི་འཐུས་རྣམ་གཉིས་ལ་ས་གནས་སོ་སོའི་མང་ཚོགས་ནས་བདེ་སྡུག་ཇི་ཞུས་དང་གཟིགས་ཚུལ་གང་བྱུང་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་གསལ་ཞུས་ཏེ་དཀའ་སེལ་མཇུག་སྐྱོང་དགོས་རིགས་རྣམས་བཀའ་ཤག་དང་། འབྲེལ་ཡོད་ལས་ཁུངས་ཁག་སོ་སོ་ནས་ཕྱག་བསྟར་མཇུག་སྐྱོང་གནང་སླད་བཀའ་དྲུང་ཡིག་ཚང་དུ་འབུལ་རྒྱུ་བཅས་ཀྱི་གནས་ཚུལ་དུ།།DSCN0259