སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ནས་འགོ་འཛུགས་ཏེ། རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༣༠ ནས་ཟླ་ ༩ ཚེས་ ༥ བར་ནེ་ནི་ཏཱལ་དང་། བདེ་སྐྱིད་གླིང་གཞིས་ཆགས་བཅས་ལ་གཟིགས་སྐོར་དང་། མི་མང་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད། ཨུཏྟར་ཁནྜ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གྷུར་མི་ཊི་ སིངྒ་ (Shri. Lieutenant General Gurmit Singh, Governor of Uttarakhand) མཆོག་དང་ལྷན་མཇལ་འཕྲད་སོགས་གནང་རྗེས། ཐེངས་འདིའི་ཉིན་གྲངས་ ༡༣ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

 དེ་ཡང་ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བདེ་སྐྱིད་གླིང་གཞིས་ཆགས་ནས་ནེ་ནི་ཏཱལ་ལ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ས་གནས་ཀྱི་དགོན་པར་མཆོད་མཇལ་དང་།  དེ་རྗེས་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་།  ཉིན་རྒྱབ་ས་གནས་བོད་མིའི་ཁྲོམ་ས་ཁག་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནེ་ནི་ཏཱལ་ནས་བདེ་སྐྱིད་གླིང་དུ་ཕྱིར་ཕེབས་ཐོན་གྱིས་དགོང་དྲོ་ས་གནས་སུ་འབྱོར་བ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བདེ་སྐྱིད་གླིང་པོ་ཏ་ལ་ཚོགས་ཁང་ནང་དུ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུས་པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཞིང་།

སྐབས་དེར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་གསུང་བཤད་དང་།  སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར་དང་།  རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་སྐོར་གསུང་བཤད་བཅས་གནང་རྗེས། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ཉིན་ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་གྷུར་མི་ཊི་ སིངྒ་ (Lt. General Gurmit Singh, Governor of Uttarakhand) མཆོག་དང་ལྷན་འཚམས་འདྲིའི་མཇལ་འཕྲད་གནང་བ་དང་། སྐབས་དེར་ཐོག་མར་སྤྱི་འཐུས་རྣམ་པ་གཉིས་ནས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་རྗེས། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། ལྷག་པར་དུ་མངའ་སྡེའི་ནང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤  (Tibetan Rehabilitation Policy 2014) གང་མགྱོགས་ལག་བསྟར་ཡོང་བའི་རེ་སྐུལ་བཅས་ཞུས་པ་རྣམས་གསན་བཞེས་དང་། སྐུ་ཞབས་ཁོང་གིས་འབྱུང་འགྱུར་དཀའ་ཁག་གང་བྱུང་བ་ཡིན་ནའང་ཐད་ཀར་འབྲེལ་བ་གནང་ན་འགྲིག་གི་རེད་ཅེས་གསུངས་འདུག མཇལ་འཕྲད་སྐབས་སྐུ་ཞབས་ཁོང་གིས་སྤྱི་འཐུས་རྣམ་པ་གཉིས་ལ་སྣེ་ལེན་གང་ལེགས་ཞུས་འདུག་པ་མ་ཟད། ཕྱག་རྟགས་ཀྱང་ཕུལ་གནང་འདུག སྐབས་དེར་སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་དང་། ལས་བྱེད་ཁག་ཅིག་བཅས་མཉམ་བཅར་ཞུས་འདུག གཞི་རྩའི་སྐུ་ཞབས་ཁོང་ནི་རྒྱ་གར་བྱང་ཕྱོགས་པཎ་ཇབ་མངའ་སྡེ་ནས་ཡིན་པ་དང་། རྒྱ་གར་རྒྱལ་ཡོངས་ནང་གི་དམག་དཔོན་མཐོ་གྲས་ཨང་གཉིས་པའི་གོ་གནས་ཐོབ་མྱོང་བ་ཞིག་རེད་འདུག

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་སྡེ་ར་ལྡུན་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་དང་། ཚོགས་སྡེ་ཁག གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་འཚོགས་འདུ་ཚོགས་པ་དང་། ཉིན་རྒྱབ་དྷུན་གཙུག་ལག་སློབ་གཉེར་ཁང་ (Doon University) དུ་དེ་གའི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་སུ་རེ་ཁཱ་ དྷང་ཝལ་ (Prof. Surekha Dangwal, Vice Chancellor of Doon University) མཆོག་དང་། ཨུཏྟར་ཁནྜ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ (Uttarakhand Sanskrit University, Haridwar) གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ཌེ་ནི་ཤི་ ཤ་སི་ཏྲི་ (Prof. Dinesh Shastri, Vice Chancellor of Uttarakhand Sanskrit University) མཆོག བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སློབ་དཔོན་སྐུ་ཞབས་པི་ ཌི་ ཇུ་ཡུལ་ (Prof. P.D Juyul) མཆོག སློབ་དཔོན་ཝི་ཇེ་ ཀོལ་ (Prof. Vijay Kaul) མཆོག དམར་ཟུར་སྐུ་ཞབས་ཐབས་རྒྱལ་ (Col. Thapgyal (Retd)) མཆོག འབུམ་རམས་པ་སྐུ་ཞབས་སུ་ར་ཇ་ ཀུ་མར་ པ་རཱ་ཆ་ (Dr. Suraj Kumar Pracha) མཆོག འབུམ་རམས་པ་སྐུ་ཞབས་ཨ་རུན་ མི་ཤཱ་རཱ་ (Dr. Arun Mishra) མཆོག འབུམ་རམས་པ་སྐུ་ཞབས་པུ་རོ་ཧིད་ཐི་ (Dr. Purohit) མཆོག མ་ནོཇ་ གྷ་ཏོ་རི་ (Shri. Manoj Gahtori) མཆོག སྡེ་ར་ལྡུན་ (BTSS) ཡི་ཚོགས་གཙོ་སྐུ་ཞབས་ཇི་ ཨེ་སེ་ ནེ་གྷི་ (Shri. G.S. Negi) མཆོག དམག་ཟུར་སྐུ་ཞབས་ཧི་མན་ཤུ་ (Comdt. Himanshu (Retd))  མཆོག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཤིེཤ་སེམ་ཝལ་ (Ashish Semwal) ལགས། སྐུ་ཞབས་ར་ཏུ་རི་ (Raturi) ལགས་བཅས་དང་ལྷན་བོད་དོན་སྐོར་བགྲོ་གླེང་ཚོགས་འདུ་ཚོགས་གནང་བ་དང་།

སྐབས་དེར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་འཕགས་བོད་གཉིས་དབར་ལོ་རྒྱུས་དང་། རིག་གཞུང་འབྲེལ་བ་ཇི་ཡོད་ཐོག་གསུངས་གནང་བ་དང་།  སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་སྒྲིག་སྦྱོར་བྱས་པའི་བོད་ཀྱི་ཁོར་ཡུག་ཉམ་ཆགས་ཇི་ལྟར་འགྲོ་ཚུལ་སྐོར་གློག་བརྙན་ངོ་སྤྲོད་དང་འབྲེལ། བོད་ཀྱི་ཁོར་ཡུག་སྐོར་གསུང་བཤད་གནང་འདུག་པ་དང་། གཞན་ཡང་ཚོགས་འདུའི་ཐོག་ཚོགས་བཅར་བ་གཞན་ཉེ་བའི་རིགས་བདག་རྣམ་པ་གཉིས་དང་། སློབ་དཔོན་གཞན་རྣམས་ཀྱིས་རིམ་པས་བོད་དོན་ཐོག་གསུང་བཤད་གནང་ཡོད་པ་དང་། ཚོགས་འདུའི་ཐོག་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་བྱེད་རྣམ་པ་དང་། ས་གནས་བུད་མེད་ཚོགས་པའི་ཚོགས་མི་རྣམས་ཀྱང་མཉམ་ཞུགས་གནང་འདུག དྷུན་གཙུག་ལག་སློབ་གཉེར་ཁང་དང་། ཨུཏྟར་ཁནྜ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་བཅས་གཉིས་ཀྱི་ནང་ཕྱི་ཟླ་ ༩ པ་ནས་བཟུང་བོད་ཀྱི་སྐད་ཡིག་བསླབ་རྒྱུའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་པའི་ཐག་ཆོད་གནང་འདུག

 ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sayog Munch) ཡི་ཚོགས་གཙོ་ཨ་ནིལ་ ཅོ་དྷི་རི་ (Anil Choudhary) ལགས་དང་། ཚོགས་མི་རྣམ་པ། ས་གནས་བོད་དོན་རྒྱབ་སྐྱོར་བ་བཅས་དང་ལྷན་བོད་དོན་སྐོར་ཚོགས་འདུ་ཚོགས་གནང་རྗེས་ཐེངས་འདིའི་ལས་རིམ་ཡོངས་རྫོགས་མཇུག་བསྒྲིལ་བ་དང་། ཕྱི་ཚེས ༥ ཉིན་སྤྱི་འཐུས་རྣམ་པ་གཉིས་བཞུགས་སྒར་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་བཅས། །