སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་དང་། དེ་བཞིན་སྡེ་ར་ལྡུན་ཁྱབ་ཁོངས་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༧ ནས་ ༢༩ བར་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ནས་སྡེ་རུ་ལྡུན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཟིགས་སྐོར་དང་། ས་གནས་མང་ཚོགས་ཐུག་འཕྲད། དེ་བཞིན་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུཤ་ཀར་ སིང་ དྷ་མི་ (Shri. Pushkar Singh Dhami, Chief Minister of Uttarakhand) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་རཱ་ཇ་སྤུར་མཉམ་ལས་བཟོ་གྲྭར་གཟིགས་སྐོར་གནང་རྗེས། རཱ་ཇ་སྤུར་ཁ་འཐོར་མི་མང་རྣམས་ཐུག་འཕྲད་གནང་བ་དང་། སྐབས་དེར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས།  ༧གོང་ས་མཆོག་གི་མཛད་འཕྲིན་ཐོག་གསུངས་གནང་བ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་གནང་རྗེས། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་ར་ཇ་སྤུར་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། དགེ་ལས་མཉམ་དུ་ཚོགས་འདུ་ཚོགས་ཏེ། བསམ་ཚུལ་བསྡུ་ལེན་གནང་།

ཉིན་རྒྱབ་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་གཟིགས་སྐོར་དང་། མང་ཚོགས་ཐུག་འཕྲད་གནང་སྟེ། སྤྱི་འཐུས་རྣམ་པས་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།

དགོང་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུཤ་ཀར་ སིང་ དྷ་མི་ (Shri. Pushkar Singh Dhami, Chief Minister of Uttarakhand) མཆོག་དང་ལྷན་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ལག་བསྟར་ཡོང་བ་དང་། དགེ་འཕེལ་གླིང་གི་ལམ་ཁ་གསར་བཟོའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་པར། བློན་ཆེན་མཆོག་གིས་གང་ཡོང་གནང་རྒྱུའི་ཞལ་བཞེས་གནང་འདུག

ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་དོན་གྲུབ་གླིང་གཞིས་ཆགས་ཁྱབ་ཁོངས་དགོན་སྡེ་ཁག་ལ་གནས་གཟིགས་དང་། མང་ཚོགས་རྣམས་ལ་ཐུག་འཕྲད་ཀྱིས། སྤྱི་འཐུས་རྣམ་པས་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་བ་དང་། ཉིན་རྒྱབ་རབ་བརྟན་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དང་། ས་གནས་མང་ཚོགས་རྣམས་ལ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག


ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་སྡེ་ར་ལྡུན་ཁུལ་ལ་རྟེན་གཞི་བྱས་པའི་ (Olympus High School) སློབ་གྲྭར་ཆེད་ཕེབས་ཀྱིས། དེ་གའི་དགེ་སློབ་ཚང་འཛོམས་ཐོག་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་བོད་དོན་སྐོར་ངོ་སྤྲོད་དང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། འབྱུང་འགྱུར་ཡང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་སྐོར་གསུངས་གནང་བ་དང་།  སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་འཕགས་བོད་དབར་ལོ་རྒྱུས་ཐོག་དམིགས་བསལ་འབྲེལ་ལམ་ཇི་ཡོད་སྐོར་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་བ་བོད་མི་ཚོས་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡོད་པར་སྤོབས་པ་ཡོད་ཚུལ་སོགས་གསུངས་གནང་རྗེས། སློབ་ཕྲུག་རྣམ་པས་དོ་སྣང་ཆེན་པོས་དྲི་བ་མང་པོ་གནང་བར་ལན་འདེབས་གསལ་བཤད་གནང་ཡོད།

ཉིན་རྒྱབ་གླིང་ཚང་གཞིས་ཆགས་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་དང་། ས་གནས་མི་མང་རྣམས་ལ་ཐུག་འཕྲད་གནང་སྟེ། སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་སོ་སོའི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །