སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་རྒྱལ་ས་ལྡི་ལི་ཁུལ་དང་། ཉེ་འཁོར་སུད་ཚོང་ས་གནས་ཁག་ཅིག་ལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༠ ནས་ ༡༤ བར་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དང་། ཉེ་འཁོར་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་ཕྱི་ཚེས་ ༩ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ལྡི་ལི་ས་གནས་འཛིན་དང་། བརྒྱ་དཔོན་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ས་གནས་གནད་ཡོད་མི་སྣ་བཅས་དང་ལྷན་ཚོགས་འདུ་འཚོགས་གནང་རྒྱུ། ཕྱི་ཚེས་ ༡༡ ཉིན་ལྡི་ལི་དོན་གཅོད་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས། ལྡི་ལི་བསམ་ཡས་གླིང་། ལ་དྭགས་བྷུ་ཏ་བྷི་ཧར་ (Ladakh Bodh Vihar) བཅས་ལ་འཚམས་གཟིགས་དང་། རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་ལྷན་མཇལ་འཕྲད་ཀྱི་ལས་རིམ།  ཕྱི་ཚེས་ ༡༢ ཉིན་ཉེ་འཁོར་སུད་ཚོང་ས་གནས་གྷུར་གྷའོང་ (Gurgaon) དང་། སོ་ནི་པཏ།(Sonipat) པ་ནི་པཏ་ (Panipat) བཅས་དང་། ས་གནས་མཉམ་འབྲེལ། ཤེས་རིག་པར་ཁང་། ས་གནས་སྨན་རྩིས་ཁང་བཅས་ལ་འཚམས་གཟིགས་དང་། བོད་དོན་རྒྱབ་སྐྱོར་བ་ཚོགས་མི་ཁག་ཅིག་དང་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་ལྷན་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །