སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གནས་ཡུལ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།

IMG_4869 IMG_4156 IMG_3888

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་སྒང་ཏོག་དང་། གྲོང་གུག ཐང་ཕུར། མུ་ཤི་ཐང་། ཚ་ཏིང་། ཅུང་ཐང་། ལ་ཆུང་། སྤ་གོང་། མ་གྷན། སེང་གེ ཀ་པི་བག་ཆ། མཚོ་མགོ སྐུ་འབོབ། ནག་ཐང་། ར་ཝང་ལ། ཀ་སྦུག ཨལ་གྷ་ར། ས་ལུ་གྷ་ར་དང་། རྫ་ཡེ་སྒང་བཅས་སུ་ཡོད་པའི་དགོན་པ་དང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག

སྤྱི་འཐུས་རྣམ་གཉིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༧ ནས་ཚེས་ ༢༧ བར་འཚམས་གཟིགས་ལེགས་པར་གྲུབ་སྟེ་རང་རང་བཞུགས་གནས་སུ་ཕེབས་འབྱོར་ཟིན་ཡོད་པ་དང་། དེ་ཡང་འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་གནང་སྟེ། བཞུགས་མོལ་ཚོགས་འདུ་ཡང་འཚོགས་གནང་འདུག ཐེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཛད་འཕྲིན་སྐོར་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་སྤྱི་དོན་ལ་འགན་འཁུར་ཞུ་ཕྱོགས། མང་གཙོའི་དགེ་མཚན། རྒྱལ་སྤྱིའི་ནང་བོད་དོན་གནས་བབ་སྐོར། རང་རིགས་གཞོན་སྐྱེས་ཚོས་ཤེས་ཡོན་ལ་དམིགས་བསལ་འབད་བརྩོན་བྱེད་དགོས་སྐོར་བཅས་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་དང་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་དགེ་མཚན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། འཚམས་གཟིགས་སྐབས་སུ་དམིགས་བསལ་གྱི་ལས་རིམ་ཞིག་ནི་སྒང་ཏོག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཀྱི་ས་གནས་ཁག་གི་འཐུས་མི་རྣམས་ལ་དམིགས་བསལ་བསྔགས་བརྗོད་ཕྱག་འཁྱེར་རེ་གནང་རྒྱུ་དེ་དག་ས་གནས་འགོ་འཛིན་ནས་ད་རེས་ས་གནས་སུ་འཚམས་གཟིགས་ཕེབས་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ལ་རེ་སྐུལ་ཞུས་པ་ལྟར་ཁོང་རྣམ་གཉིས་ཀྱི་ཕྱག་ནས་གནང་འདུག དེ་བཞིན་རང་ཝང་ལ་རུ་ཡོད་པའི་ཆོས་དགེ་བསྟན་འཛིན་དཔལ་མོ་ལགས་དགེ་བཤེས་མའི་རྒྱུགས་འཕྲོད་བྱུང་བར་ས་གནས་བུད་མེད་ཀྱིས་གོ་སྒྲིག་གནང་བའི་དམིགས་བསལ་མཛད་སྒོའི་ཐོག་ཕྱག་རྟགས་གནང་བ་དེ་ཡང་འཚམས་གཟིགས་གནང་མཁན་གྱི་སྤྱི་འཐུས་རྣམ་པ་གཉིས་ལ་རེ་སྐུལ་ཞུས་པར་ལྟར་གནང་འདུག

དེ་བཞིན་མི་མང་དང་། དགོན་པ། སློབ་གྲྭ་བཅས་ཀྱི་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་གིས་གྲོས་བསྡུར་དང་། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་བྱས་པ། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་པ་དང་སློབ་གྲྭ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་དང་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག་ཅིང་། ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་དུ།།