སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་འཁེལ་བ།

 

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༡༨ ནས་ཚེས་ ༢༨ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཁྱབ་ཁོངས་དང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་གཉིས་པ་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ས་གནས་སྒང་ཏོག་དང་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་ལྡི་ལི་བཅས་སོ་སོ་ནས་སྦེང་ལོར་དུ་ཕེབས་ཐོན་གནང་སྟེ་ལྷན་འཛོམས་གནང་རྒྱུ། ཕྱི་ཚེས་ ༡༩ དང་ ༢༠ ལ་སྦེང་ལོར་ཁུལ་དུ་ལས་རིམ་དང་། ཕྱི་ཚེས་ ༢༡ ནས་ ༢༧ བར་གོང་འཁོད་ས་གནས་གཞན་རྣམས་ལ་ལས་རིམ། ཕྱི་ཚེས་ ༢༨ ཉིན་སྤྱི་འཐུས་རྣམ་པ་གཉིས་སྦེང་ལོར་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །