སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་། ལྷོ་སྤྱི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣ ནས་ ༡༨ བར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་། ལྷོ་སྤྱི་ཁྱབ་ཁོངས་ཨན་རྡ་ར་སྤར་སྡེཤ་དང་། ཏི་ལང་གྷ་ཎ་མངའ་སྡེ་བཅས་སུ་གནས་སྡོད་བོད་མི་སུད་ཚོང་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༣ ཉིན་སྦེལ་ཀོབ་གཞིས་ཆགས་སུ་མཉམ་འཛོམས་གནང་སྟེ། ཕྱི་ཚེས་ ༤ ཉིན་མེ་སོར་བརྒྱུད་ཏི་ལང་གྷ་ཎ་མངའ་སྡེའི་རྒྱལ་ས་ཧེ་ཌར་བྷཊ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༥ ནས་ ༡༡ བར་སི་ཀན་རྡ་ར་བྷཊ་དང་། ཧ་ནམ་ཀོན་ཊ། ཝ་རང་གྷལ། ཀ་རིམ་ན་གྷར། གྷོ་ད་ཝ་རི་ཀ་ནི། མན་ཅི་རིལ། ཝེ་ཇི་ཝ་ར། གུན་ཏུར། ཝི་ཤ་ཀ་པཊ་ནམ་བཅས་སུ་ལས་རིམ་དང་། ཕྱི་ཚེས་ ༡༢ ཉིན་ཝི་ཤ་ཀ་པཊ་ནམ་ནས་སྦེང་ལོར་ལ་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༣ ཉིན་སྦེང་ལོར་ནས་ཧོར་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༦ བར་ས་གནས་ལས་རིམ། ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་སྦེང་ལོར་ནས་བཞུགས་གནས་སྦེལ་ཀོབ་ཏུ་ཕྱིར་ཕེབས་གནང་རྒྱུ་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་སྦེང་ལོར་ནས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །