
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༤ ནས་ ༡༦ བར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། སློབ་གྲྭ། རྒན་གསོ་ཁང་བཅས་ལ་གཟིགས་སྐོར་དང་། དེ་བཞིན་དགོན་སྡེ་ཁག་ལ་མཆོད་མཇལ། མང་ཚོགས་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་སོགས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༧ ཉིན་ཀྲུ་ཀྲིང་དུ་ཕེབས་ཐོན་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྔ་དྲོ་མེའོ་ཆོས་འཕེལ་གླིང་སཾ་བྷོ་ཊའི་སློབ་གྲྭར་འཚམས་གཟིགས་དང་། དེ་བཞིན་དགེ་སློབ་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང་།

ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་ནས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་མི་མང་རྣམས་ལ་གསུང་བཤད་གནང་ཞིང་། སྐབས་དེར་གསུང་བཤད་གཙོ་བོ། བོད་མི་རྣམས་ནས་རྩ་དོན་འཐབ་རྩོད་ཐོག་སྔར་ལྷག་འབད་བརྩོན་གནང་སྟེ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་མཆོག་ནས་བོད་རང་བཙན་སླར་གསོའི་ཆེད་རང་ལུས་མེར་སྲེག་གནང་བའི་སྐོར། ༧རྒྱལ་བའི་མཛད་འཕྲིན་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་དང་བོད་དོན་ཞུ་སྐུལ་གྱིས་མཚོན་པའི་ཁྲིམས་སྒྲིག་གིས་བསྐུར་བའི་ལས་འགན་རྣམས་འཐུས་ཤོར་མེད་པ་གནང་མུས་ཡིན་པ་བཅས་ཀྱི་སྐོར་གསུང་བཤད་གནང་བ་དང་། མཇུག་ཏུ་མི་མང་གི་བསམ་འཆར་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ལྷུག་གིས་ཐེངས་འདིའི་མེའོ་ཆོས་འཕེལ་གླིང་ས་འགོ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཞུང་འབྲེལ་མཚམས་གཟིགས་ལེགས་པར་མཇུག་བསྒྲིལ་གནང་སྟེ། ཕྱི་ཚེས་ ༡༧ ཉིན་ཀྲུ་ཀྲིང་ས་གནས་སུ་ཕེབས་ཐོན་གནང་ཡོད་པ་བཅས།
