སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་ཕྱི་ཟླ་ ༡༠ ཚེས་ ༧ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས། མེངྒ་ལོར་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལི་ནས་སྦེང་ལོར་དུ་ཕེབས་ཐོན་གནང་སྟེ། བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་ཐུག་འཕྲད་ཀྱི་ལས་རིམ་དང་། ཕྱི་ཚེས་ ༢༦ ཉིན་སྦེང་ལོར་ཁུལ་དང་། ཏཱ་ལའི་བླ་མའི་མཐོ་སློབ་ཏུ་ལས་རིམ། ཕྱི་ཚེས་ ༢༧ ཉིན་སྦེང་ལོར་ནས་མའེ་སོར་དུ་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༨  ཉིན་མའེ་སོར་ནས་སྦེལ་ཀོབ་ཏུ་ཕེབས་ཐོན་གྱིས་ཕྱི་ཟླ་ ༡༠ ཚེས་ ༢ བར་ལུགས་བསམ་གཞིས་ཆགས་སུ་ལས་རིམ། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ནས་མེངྒ་ལོར་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༥ ཉིན་སྦེང་ལོར་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །