སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་ཏི་ཛུ་ས་གནས་རྫོང་དཔོན་མཇལ་འཕྲད་སོགས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༡ ནས་ ༡༤ བར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཁྱབ་ཁོངས་གཞིས་གྲོང་ཁག་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག སློབ་གྲྭ། རྒན་གསོ་ཁང་བཅས་ལ་གཟིགས་སྐོར་དང་། དགོན་སྡེ་ཁག་ལ་མཆོད་མཇལ། མང་ཚོགས་ཐུག་འཕྲད། ཏི་ཛུ་ས་གནས་རྫོང་དཔོན་མཆོག་མཇལ་འཕྲད་གནང་བ་སོགས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༤ ཉིན་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༡༣ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་དྲུག་པའི་གཞིས་སྤོས་ལས་གཞིར་གཟིགས་སྐོར་དང་། དེ་རྗེས་ཉམ་ཐག་སྐྱོ་བོ་ཡིན་པའི་བོད་མི་ཁག་ཅིག་ལ་དམིགས་བསལ་ཐུག་འཕྲད་གནང་བ་དང་། ཉིན་རྒྱབ་ཏི་ཛུ་དར་རྒྱས་གླིང་ཡུམ་བུ་བླ་སྒང་གི་ཚོགས་ཁང་ནང་མི་མང་འདུ་འཛོམས་གནང་བའི་ཐོག བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་མི་མང་རྣམས་ལ་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་ཁག་གྲུབ་མཚམས།

དགོང་མོ་ས་གནས་ཀྱི་ཚོགས་པ་ཁག་མཉམ་འཛོམས་ཐོག་སྤྱི་མིའི་ལས་ཁུངས་ངོས་ནས་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཏི་ཛུ་ས་གནས་རྫོང་དཔོན་སྐུ་ཞབས་སྐལ་བཟང་དངོས་གྲུབ་མདའ་མོ་ (Tezu Deputy Commissioner Mr. Kesang Ngorup Damo) མཆོག་དང་མཇལ་འཕྲད་གནང་གྲུབ་རྗེས། མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་མུ་མཐུད་ནས་ལས་རིམ་ཁག་བསྐྱང་འཆར་ཡོད་པ་བཅས།