སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གནས་ཡུལ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།

 

img_2887
ཐེངས་འདིའི་འཚམས་གཟིགས་གནང་ཡུལ་ནིརྒྱ་གར་བྱང་ཤར་ཁུལ་གྱི་གྷོ་ཧ་ཀྲི་དང་། ཤེས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་། དྷི་རང་། དྷི་མ་སྤུར། ཀོ་ཧི་མ་བཅས་སུ་ཡོད་པའི་གཞིས་ཆགས་སློབ་གྲྭ གཞིས་དགོན་ཁག་དང་། ཁྱབ་ཁོངས་སློབ་གྲྭ སྨན་ཁང་། མཉམ་འབྲེལ། གཞན་ཡང་ཁ་ཐོར་དང་བཅས་པའི་གནང་སྟངས་རྒྱུས་ལོན་གནང་འདུག འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་དང་། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་པ་གཉིས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་མ་འོངས་ལོ་བཅུ་གྲངས་ནང་འཕྲད་འགྱུར་གྱི་དཀའ་ངལ་སོགས་ཀྱི་སྐོར་ལ་གསུང་བཤད་འདུག

img_3495                img_4576

ལས་རིམ་ནང་མི་མང་དང་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་བགྲོ་གླེང་དང་། གྲོས་བསྡུར། བསམ་ཚུལ་བརྗེ་རེས། གལ་གནད་ལམ་སྟོན། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན། གཞན་ཡང་སྡེ་ཚན་ཁག་དང་། སློབ་གྲྭ་ཁག་གི་གནས་སྟངས་བཅས་ལ་ཁྱོན་ཉིན་གྲངས་བཅོ་བརྒྱད་རིང་རྟོག་ཞིབ་བཅས་གནང་འདུག་ཅིང་། སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོའི་བདེ་སྡུག་ཞུས་གནས་ལ་འབྲེལ་ཡོད་ལྷན་ཁང་སོ་སོར་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་འཛིན་སྐྱོང་བཀའ་ཤག་བརྒྱུད་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།