སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

སྤྱི་འཐུས་རྣམ་གཉིས་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༦ བར་ས་བགོས་ལྟར་བོད་མིའི་འདུ་སྡོད་གླིང་ཚང་གཞིས་ཆགས་དང། སེ་ལ་ཀུའི་བོད་ཁྱིམ་དང་ལས་རིགས་སློབ་གཉེར་ཁང། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། ཀུམ་རའོ་གྲའུ་གཞིས་ཆགས། ས་ཊོན་ཁམས་ཀཿཐོག་གཞིས་ཆགས། སྤོན་ཊ་ཆོལ་གསུམ། བོན་གཞིས་ཐོབ་རྒྱལ་གསར་པ། སིམ་ལ་དབྱངས་ཅན་དགའ་ཚལ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང། སྤྱི་འཐུས་རྣམ་གཉིས་ས་གནས་སོ་སོར་ཕེབས་སྐབས་ས་གནས་འགོ་འཛིན་སོ་སོ་སོགས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་རྣམས་ཀྱིས་སྣེ་ལེན་དང་ལས་རིམ་ཞིབ་བཀོད་ལྟར་གཟིགས་ཞིབ་དང་རྒྱུས་ལོན་གནང་བ་མ་ཟད། ས་གནས་སོ་སོའི་མང་ཚོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་མཛད་ཕྱོགས་སྐོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་དང། གྲོས་ཚོགས་ཚོགས་དུས་གསུམ་པར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྐོར་སོགས་གསུང་བཤད་གནང་རྗེས་མང་ཚོགས་ནས་དྲི་བ་གནང་ཁག་ལ་བཀའ་ལན་གནང་ཡོད། ད་ལམ་སྤྱི་འཐུས་རྣམ་གཉིས་ས་གནས་སོ་སོར་ཕེབས་སྐབས་སྤྱི་སྒེར་བདེ་སྡུག་ཞུས་ཁག་ལ་བོད་མིའི་སྒྲིག་འཛུགས་ནས་དགོངས་བཞེས་ཕྱག་བསྟར་གནང་ཐབས་སླད་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་གནང་ཡོད་པ་རྣམས་སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་སུ་སྙན་གསེང་བཀའ་བསྡུར་གྱིས་འབྲེལ་ཡོད་ཁུངས་སོ་སོར་མཇུག་གནོན་ཆེད་གཏོང་གནང་རྒྱུ་ཡིན་པ་རེད།།                 ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་  ༢༠༡༢ ཟླ་  ༥  ཚེས་  ༧  ལ།