སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱིས་གྷོ་ཝ་ནང་གི་ལས་རིམ་ལེགས་གྲུབ་བྱུང་བ།

༄༅། ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༨ ནས་ ༩ བར་གྷོ་ཝ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་དང་། ས་གནས་སུ་ཡོད་པའི་སུད་ཚོང་བོད་མི་རྣམས་ཐུག་འཕྲད་སོགས་གྷོ་ཝ་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༨ ཉིན་སྤྱི་འཐུས་རྣམ་གཉིས་ཀྱིས་གྷོ་ཝ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་སྐུ་ཞབས་ལལ་ཇི་ པ་གྷུ་ (Shri Lalji Paggui, member of Indo Tibet Support Group of Goa) མཆོག་དང་། གྷོ་ཝ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་ཆེན་མོ་སློབ་དཔོན་སྐུ་ཞབས་ཀེ་ ཤྲི་པཏ་ བྷཏ་(Prof. K. Sripath Bhat, Officiating Vice Chancellor of Goa University) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༩ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ཇོ་ནཱ་ པེ་རི་རཱ་ ཀེ་ལའོ (Prof. Joanna Pereira Coelho, Goa University) མཆོག་དང་མཇལ་འཕྲད་གནང་འདུག་པ་དང་། དེ་རྗེས། སློབ་དཔོན་ཁོང་གིས་གཙོ་སྐྱོང་འོག སྤྱི་འཐུས་རྣམ་པ་གཉིས་ནས་མཐོ་སློབ་ཀྱི་སློབ་མ་ཚོར་བོད་དོན་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་འདུག གཞི་རྩའི་སྐུ་ཞབས་ཁོང་ནི་བོད་དོན་ཐོག་གོ་རྟོགས་གཏིང་ཟབ་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་ཐོག་ཕྱག་ལས་གང་མང་གནང་མྱོང་བ། དེ་བཞིན་བོད་ཀྱི་སྐོར་ཕྱག་དེབ་ཀྱང་ཁ་ཤས་བརྩམས་གནང་ཡོད་འདུག དེ་ནས་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་སློབ་དཔོན་འབུམ་རམས་པ་སྐུ་ཞབས་པར་ཀ་ཤི་ དྷེ་སེ་ (Dr.Prakash Desai) ལགས་དང་།  འབུམ་རམས་པ་སྐུ་ཞབས་རའོ་ཇི་ (Dr.Rauji) ལགས། འབུམ་རམས་པ་སྐུ་ཞབས་ར་ཧུལ་ ཏི་རི་པ་ཏི་ (Dr.Rahul Tripathi) ལགས།  འབུམ་རམས་པ་ (Dr.Prachi) འབུམ་རམས་པ་ (Dr. Sharda) འབུམ་རམས་པ་ (Dr.Alaknanda) བཅས་དང་ལྷན་མཇལ་འཕྲད་གནང་སྟེ། ཆུ་ཚོད་གཅིག་ལྷག་གི་རིང་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ངོ་སྤྲོད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་རྗེས་སམ་བྷོ་དྷི་ཐེབས་རྩའི་ (Sambodhi Trust, Goa) ཚོགས་མི་སྐུ་ཞབས་ཨུ་ལ་ས་ ཅན་དེལ་ཀར་ (Dr. Ulhas K Chandelkar) ལགས་དང་། ཚོགས་མི་སྐུ་ཞབས་ཨེ་སི་ ཀེ་ ཇ་དྷེབ་ (Mr. S.K Jadhav) ལགས། ཚོགས་མི་སྐུ་ཞབས་རཱ་ཇུ་ ཇ་དྷེབ་ (Mr. Raju Jadhav) ལགས། ཚོགས་མི་སྐུ་ཞབས་ནི་ཁིལ་ པ་རཱ་ཇཱ་ཀེཊི་ (Mr. Nikhil Prajakte) ལགས། ཚོགས་མི་སྐུ་ཞབས་ཨ་ནན་ཌ་ པཱ་ཝར་ (Mr. Anand Pawar) ལགས། ཚོགས་མི་སྐུ་ཞབས་ཨ་ནན་ཊ་ ཀོ་ཤལ་ (Mr. Anant Kaushal) ལགས་བཅས་དང་ལྷན་མཇལ་འཕྲད་གནང་བ་དང་། ཁོང་རྣམས་ནས་ས་གནས་གྷོ་ཝ་ནང་གི་ནང་པའི་རྗེས་འཇུག་པའི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་གདན་ས་ཁག་དང་ལྷན་ནང་ཆོས་སློབ་གཉེར་ཆེད་མཉམ་ལས་གནང་ཐུབ་མིན་ཐད་ལ་བཀའ་བསྡུར་ལྷུགས་པོ་གནང་འདུག  དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༦།༠༠ ཙམ་ལ་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་ཀྱི་བོད་མི་སུད་ཚོང་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཐད་ལམ་སྟོན་དང་། ས་གནས་མང་ཚོགས་ཀྱི་བདེ་སྡུག་དཀའ་ངལ་གསན་གཟིགས། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་བཅས་གནང་རྗེས། གྷོ་ཝ་ནང་གི་ལས་རིམ་ཁག་མཇུག་བསྒྲིལ་ཡོད་པ་བཅས། །