སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་རྣམ་གཉིས་ཕྱིི་ལོ་ ༢༠༡༦ ཟླ ༨ ཚེས་ ༢༥ ནས་ཟླ་བ་ ༩ ཚེས་ ༩ བར་བལ་ཡུལ་ཁྱབ་ཁོངས་ཀྱི་བོད་མི་གནས་ཡུལ་ཁག་ལ་འཚམས་གཟིགས་ཕེབས་པ།

dscn0915

ཐེངས་འདིའི་འཚམས་གཟིགས་ཕྱོགས་ཕེབས་གནང་ཡུལ་ནི་བལ་ཡུལ་གྱི་སྤོག་ར་བཀྲ་ཤིས་གླིང་། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། གློ་སྒྲིག་དཔལ་འབྱོར་གླིང་། གློ་སྒྲིག་བྱམས་པ་གླིང་། གློ་ཚེ་རོག་རྣམ་རྒྱལ་གླིང་། རྡོར་པ་ཊན། མ་ནང་། ཙུམ་བཅས་ཀྱི་གཞིས་ཆགས་ཁྱབ་ཁོངས་ས་གནས་ཁག་དང་། རྒས་གསོ་ཁང་། མཉམ་འབྲེལ་སྡེ་ཚན། གཞིས་ཁུལ་གྱི་སློབ་གྲྭ དགོན་སྡེ་ཁག་དང་། ས་གནས་སྨན་ཁང་བཅས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་སོགས་ཡིན་འདུག

འཚམས་གཟིགས་ཕྱོགས་ཕེབས་ཀྱི་དུས་ཡུན་ནང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་གསུང་བཤད་དང་བཞུགས་མོལ་ཚོགས་འདུ་བཅས་གནང་ཡོད་པ་རེད། ཐེེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་སྐབས་ཀྱི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་དོན་གནད་གལ་ཆེན་ཁག་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སྐོར་དང་། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་སོགས་ལ་གསུང་བཤད་གནང་འདུག

དེ་བཞིན་མི་མང་དང་སློབ་ཕྲུག་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྐོར་སྙན་ཞུ་དང་། སྤྱི་འཐུས་རྣམ་གཉིས་དང་མི་མང་བར་ཕན་ཚུན་གསལ་བཤད། བསམ་ཚུལ་བརྗེ་ལེན། ཐག་གཅོད་ལམ་སྟོན་གནང་བ། ཉམ་ཐག་དང་ས་གནས་མི་མང་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མཉམ་ལས་སྡེ་ཚན་ཁག ཚོང་པ། སློབ་གྲྭ དགོན་སྡེ་ཁག་གི་གནས་སྟངས་ཐོག་རྟོག་ཞིབ་བཅས་གནང་སྟེ་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་བཅོ་ལྔ་ཙམ་རིང་རྟོག་ཞིབ་དང་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་འདུག ད་རེས་སྤྱི་འཐུས་རྣམ་གཉིས་འཚམས་གཟིགས་སུ་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་ཁག་དོན་གནད་རེ་རེ་བཞིན་བཀའ་དྲུང་ཡིག་ཚང་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།

dscn0976     dscn0615