སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་མ་ཧ་ར་ཤི་ཊ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༦ ཉིན་རྒྱ་གར་མ་ཧ་ར་ཤི་ཊ་མངའ་སྡེའི་གྲོང་ཁྱེར་མུམ་བྷེ་རུ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷ་གྷ་ཏ་ སིངྒ་ ཀོ་ཤི་ཡ་རི་ (Sh.Bhagat Singh Koshyari, Hon’ble Governor, Maharashtra) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲི་དང་།

དེ་ནས་རྒྱ་གར་དབུས་སའི་གཞུང་མང་གཉིས་དང་། ལྷག་དོན་མངའ་སྡེའི་སྲིད་སྐྱོང་མཆོག་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཕན་ཚུན་དབར་དྲི་བ་དྲིས་ལན་གྱི་ཐོག་ནས་བཀའ་བསྡུར་ལྷུགས་པོར་གནང་བ་དང་།  དེ་བཞིན་མུམ་བྷེ་གྲོང་ཁྱེར་ནང་གི་བོད་མི་སུད་ཚོང་བ་རྣམས་ཀྱི་ཁྲོམ་སའི་དཀའ་ངལ་དང་། བདེ་སྡུག་ཆ་ཚང་ཡིག་ངག་གཉིས་ཐོག་ནས་ཞུས་པར། མངའ་སྡེའི་སྲིད་སྐྱོང་མཆོག་ནས་གང་ཐུབ་རྒྱབ་སྐྱོར་དང་། དགོངས་བཞེས་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

གཞན་ཡང་མཇལ་འཕྲད་སྐབས། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སན་དེ་ཤ་ མེ་ཤི་རམ་ (Sh. Sandesh Meshram, Regional Convener, CGTC-I (Core Group for Tibetan Cause – India) ལགས་དང་། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། སྦན་ད་ར་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་བཅས་མཉམ་བཅར་ཞུས་གནང་ཡོད་འདུག་པ་བཅས། །