སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་སྡེ་ར་ལྡུན་ཁུལ་གྱི་བོད་མི་གནས་སྡོད་གཞིས་ཆགས་ཁག་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ནས་ ༢༦ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁྱབ་ཁོངས་བོད་མིའི་གནས་སྡོད་གཞིས་ཆགས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོ་སྤྱི་འཐུས་རྣམ་པ་བདེ་སྐྱིད་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས། སྡེ་ར་ལྡུན་ས་གནས་འགོ་འཛིན་དང་། བྱང་ཕྱོགས་སྐོར་བསྐྱོད་ཁྲིམས་ཞིབ་པ། བདེ་སྐྱིད་གླིང་ས་འཐུས་ཚོགས་གཙོ། སྡེ་ར་ལྡུན་ས་གནས་རང་བདེན་ཚོགས་གཙོ། ས་གནས་སྤྱི་མི། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་གནང་།

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པས་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་དཔལ་ས་སྐྱའི་སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་༧ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་མཇལ་བཅར་ཞུས་པ་དང་།  དེ་རྗེས་བདེ་སྐྱིད་གླིང་ས་སྐྱ་བཙུན་དགོན་དུ་དཔལ་ས་སྐྱའི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ས་སྐྱ་༧ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཆིབས་བསྒྱུར་གནང་སྐབས་སུའང་སྤྱི་འཐུས་རྣམ་པ་གཉིས་ཕེབས་བཅར་ཞུས་གནང་འདུག

དེ་ནས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཐེངས་འདིའི་ཁྱབ་ཁོངས་ས་གནས་ཁག་གི་ལས་རིམ་ཐོག་བཀའ་བསྡུར་གནང་རྗེས། རིམ་པས་ས་གནས་དམག་ཟུར་ལས་ཁུངས་དང་།  ས་འཐུས་ཚོགས་ཁང་དང་རྒྱུན་ལས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་། བྱང་ཕྱོགས་ཁྲིམས་ཞིབ་ཁང་། སྐོར་བསྐྱོད་ཁྲིམས་ཞིབ་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཤིང་། དེའི་སྐབས་ཁོངས་སོ་སོའི་འབྲེལ་ཡོད་ནས་སྣེ་ལེན་དང་། ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ངོ་སྤྲོད་སྙན་སེང་ཞུས་གནང་འདུག

ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་དགེ་འཕེལ་གླིང་གཞིས་སྒར་དུ་འཚམས་གཟིགས་ཕེབས་སྐབས། ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་དང་། དེ་བཞིན་བརྒྱ་དཔོན་ནས་ས་གནས་དེར་བོད་མི་མང་སྤྱི་འཐུས་འཚམས་གཟིགས་ཕེབས་པ་ཐེངས་དང་པོ་རེད་ཅེས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཞིས་སྒར་ངོ་སྤྲོད་དང་བཅས་ཉེ་འཁོར་ཁོར་ཡུག་ལ་གཟིགས་ཞིབ་གནང་རྗེས། བོད་ཁྱིམ་ཉིན་སློབ་ཀྱི་འཛིན་ཁང་དང་། དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་དང་། དེ་ནས་སློབ་སྤྱིའི་ལས་ཁུངས་ནང་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་དང་། ས་གནས་འགོ་འཛིན་བཅས་ལྷན་འཛོམས་ཐོག་སློབ་གྲྭའི་ནང་མ་འོངས་པར་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཐད་བཀའ་བསྡུར་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭར་འཚམས་གཟིགས་ཕེབས་ཏེ། སློབ་ཕྲུག་རྣམས་ཐུག་འཕྲད་དང་། འཛིན་ཁང་། ཉལ་ཁང་བཅས་ལ་གཟིགས་སྐོར་གནང་རྗེས། འགན་འཛིན་ལས་ཁུངས་སུ་དགེ་རྒན་རྣམས་དང་། ས་གནས་འགོ་འཛིན་ལྷན་འཛོམས་ཐོག དེ་གའི་ཁྱབ་ཁོངས་སློབ་ཕྲུག་རྣམས་སློབ་གྲྭ་གཞན་དང་མི་འདྲ་བར་ལུས་སེམས་གཉིས་ལ་དཀའ་ངལ་ཡོད་མཁན་ཤ་སྟག་ཡིན་སྟབས། ལས་བྱེད་རྣམ་པས་བྱམས་སྐྱོང་དང་གཟིགས་རྟོག་གང་ལེགས་གནང་དགོས་པ་གལ་ཆེ་ཡིན་སྐོར་གྱི་ལམ་སྟོན་དང་། མ་འོངས་ལས་དོན་གནང་ཕྱོགས་ཐད་བཀའ་བསྡུར་གནང་།

དེ་རྗེས་རིམ་པས་བདེ་སྐྱིད་གླིང་ལག་ཤེས་བཟོ་ལས་ཁང་དང་། འཇམ་དབྱངས་ལག་ཤེས་བཟོ་ལས་ཁང་། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་བདེ་སྐྱིད་གླིང་དང་། དགེ་འཕེལ་གླིང་གཞིས་སྒར་ཁྱབ་ཁོངས་མི་མང་འདུ་འཛོམས་གནང་བའི་ཐོག ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས་སྤྱི་འཐུས་རྣམ་པ་འཚམས་གཟིགས་སུ་ཕེབས་དགོས་པའི་དམིགས་ཡུལ་དང་། ས་གནས་ཀྱི་གནས་སྟངས་ངོ་སྤྲོད་སྙིང་བསྡུས། དེ་བཞིན་སྤྱི་འཐུས་རྣམ་པ་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་རྗེས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་བཙུགས་དགོས་པའི་དམིགས་ཡུལ་བཅས་ཀྱི་ཐོག་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུང་བཤད་གནང་རྗེས། ས་གནས་མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག

ཕྱི་ཚེས་ ༡༦ ཉིན་སྤྱི་འཐུས་རྣམ་པ་ཚེ་རིང་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཤིང་། ས་གནས་སུ་འབྱོར་སྐབས་མང་ཚོགས་ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། གཞིས་ཆགས་ཀྱི་སྤྱིའི་གནས་སྟངས་ཐོག་གཟིགས་ཞིབ་དང་། གཞིས་ཁོངས་མི་མང་རྣམས་ལ་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། དེ་ནས་གླིང་ཚང་གཞིས་ཆགས་སུ་ཕེབས་ཐོན་གནང་བ་དང་། དེར་དཔལ་ངོར་ཨེ་ཝཾ་ཆོས་ལྡན་དགོན་པའི་མཁན་པོ་མཆོག་གིས་གཙོས་དགེ་འདུན་པ་རྣམ་པས་ཕེབས་བསུ་ཞུས་རྗེས། དགོན་པར་ཆོས་མཇལ་དང་། རིམ་པས་རྫ་སྨོན་རྒྱལ་གཡུང་དྲུང་དགོན་པ་དང་། དཔལ་ས་སྐྱའི་གསང་སྔགས་རྒྱུད་ཀྱི་བཤད་གྲྭ། དཔལ་ས་སྐྱའི་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་བཙུན་དགོན། རྫོགས་ཆེན་མདོ་སྔགས་ཆོས་གླིང་རྙིང་དགོན་བཅས་ལ་ཆོས་མཇལ་བཅས་ཞུས།

དེ་ནས་ས་གནས་མི་མང་རྣམས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གླིང་རྗེ་གེ་སར་ལྷ་ཁང་དུ་ཆོས་མཇལ་དང་། ཉིན་དེར་གླིང་རྗེ་གེ་སར་གྱི་འཁྲུངས་སྐར་འཁེལ་ཡོད་སྟབས། བོད་སྲོལ་ལྟར་གྲོ་སོ་ཕྱེ་མར་མཆོད་རྗེས། མདོ་ཁམས་ཆུ་སྒང་དམག་ཟུར་ཨོ་རྒྱན་འཇིགས་མེད་ལགས་ནས་སྤྱི་འཐུས་རྣམ་པ་གཉིས་ལ་འཚམས་འདྲིའི་མཇལ་དར་དང་། ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་སྙིང་བསྡུས་ཤིག་གསུངས་པ་དང་། སྤྱི་འཐུས་རྣམ་པ་གཉིས་ནས་སྤྱིར་རྒན་རབས་པ་ཚོ་བཀའ་དྲིན་ཆེན་པོ་ཡིན་གནས་དང་། ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་ཆུ་སྒང་དཔའ་བོ་ཚོར་རྒྱུན་ལྡན་ནས་གུས་ཞབས་ཞུ་བཞིན་ཡོད་སྐོར་ཞུས་རྗེས། སྤྱི་ཟུར་གླིང་ཚང་ཚེ་རྡོ་ལགས་ཀྱིས་གླིང་ཚང་གཞིས་ཆགས་ནང་གི་ལག་ཤེས་ཐོན་རྫས་དྲིལ་བུ་དང་། རྡོ་རྗེ་བཅས་སྤྱི་འཐུས་རྣམ་པ་གཉིས་ལ་ཕྱག་རྟགས་སུ་ཕུལ་གནང་འདུག

ཕྱི་ཚེས་ ༡༧ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་དོན་གྲུབ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་ལས་ཁུངས་ཀྱི་དྲུང་ཆེ་དང་། དྲུང་ཆེ་ལས་རོགས། ས་གནས་བུད་མེད་ཚོགས་གཙོ། སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་རྣམས་ཀྱིས་ཕེབས་བསུ་ཞུས་རྗེས། མི་མང་ཚོགས་འདུར་ཕེབས་ཏེ།  སྤྱི་འཐུས་རྣམ་པས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།

དེ་རྗེས་མདོ་ཁམས་ཆུ་སྒང་རྒས་གསོ་ཁང་དུ་ཕེབས་ཏེ། རྒན་རབས་རྣམ་པར་ཐུག་འཕྲད་དང་། སྐབས་དེར་ཆུ་སྒང་དབུས་རྒྱུན་ཨོ་རྒྱན་འཇིགས་མེད་ལགས་སོགས་ནས་སྣེ་ལེན་དང་། སྤྱི་འཐུས་རྣམ་པ་གཉིས་ལ་རྒས་གསོ་ཁང་ཐོག་མར་བཙུགས་དགོས་པའི་དམིགས་ཡུལ་དང་། ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་སྙན་སེང་དང་། སྤྱི་འཐུས་རྣམ་པ་གཉིས་ནས་སྔར་བཞིན་ལས་དོན་མཇུག་སྐྱོང་དགོས་པའི་ལམ་སྟོན་གནང་རྗེས། རྒས་གསོ་ཁང་གསར་རྒྱག་ལས་གཞིར་གཟིགས་ཞིབ་གནང་། རིམ་པས་སྨིན་གྲོལ་གླིང་དགོན་པ་དང་། བཀྲིས་འཁྱིལ་དགོན་པ་བཅས་ལ་ཆོས་མཇལ་དང་། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་ཞིབ་གནང་། དེ་ནས་ཅན་ད་མན་ས་གནས་སུ་ཕེབས་ཐོན་གྱིས། དེར་འབྱོར་སྐབས་ས་གནས་མི་མང་ནས་སྣེ་ལེན་ཞུས་རྗེས། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག

ཕྱི་ཚེས་ ༡༨ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་མ་སུ་རི་བོད་ཁྱིམ་སློབ་གྲྭར་ཕེབས་ཐོན་གྱིས་དེར་འབྱོར་སྐབས། དྲུང་ཆེ་དང་། སློབ་སྤྱིས་གཙོས་དགེ་ལས་ཡོངས་ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། དྲུང་ཆེ་ནས་སློབ་གྲྭ་ཐོག་མ་འཛུགས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། བོད་ཁྱིམ་སློབ་གྲྭ་དང་། བོད་ཁྱིམ་སྔོན་གྲོའི་སློབ་གྲྭ རིག་གཞུང་སྡེ་ཚན། འཛིན་གྲྭ བུའི་སྡོད་ཁང་བཅས་ལ་གཟིགས་ཞིབ་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་ཁྱིམ་དགེ་སློབ་རྣམས་ལ་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དགེ་སློབ་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རྒན་གསོ་ཁང་ལ་གཟིགས་ཞིབ་གནང་། ཉིན་རྒྱབ་མ་སུ་རི་སམ་བྷོ་ཊ་གཏན་སློབ་ལ་གཟིགས་སྐོར་ཕེབས་སྐབས། དེ་གའི་སློབ་སྤྱི་དང་དགེ་སློབ་ཡོངས་ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། སློབ་སྤྱི་ནས་སློབ་གྲྭ་རྩིས་ལེན་གང་ལེགས་བྱུང་ཡོད་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། སློབ་གྲྭའི་སྡེ་ཚན་ཁག་ལ་གཟིགས་ཞིབ་དང་། སློབ་གྲྭའི་ཚོགས་ཁང་དུ་སློབ་སྤྱིས་གཙོས་དགེ་ལས་ཡོངས་ལ་གསུང་བཤད་དང་། ཚོགས་བཅར་བས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། ཕྱི་དྲོ་དེ་ཁུལ་ཁ་ཐོར་མི་མང་རྣམས་ཐུག་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་ར་ཇ་སྤུར་བོད་ཁྱིམ་སློབ་གྲྭར་ཕེབས་པ་དང་། སྐབས་དེར་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་དང་། སློབ་སྤྱིས་གཙོས་དགེ་ལས་རྣམས་ནས་ཕེབས་བསུ་ཞུས་རྗེས། སློབ་གྲྭའི་སྡེ་ཚན་ཁག་དང་། སྨན་ཁང་། སྡོད་ཁང་བཅས་ལ་གཟིགས་ཞིབ་དང་། དེ་ནས་སློབ་གྲྭའི་དགེ་ལས་རྣམས་དང་ལྷན་ཕན་ཚུན་དགོངས་ཚུལ་བརྗེ་ལེན། དེ་བཞིན་བོད་ཁྱིམ་དྲུང་ཆེ་དང་། སློབ་སྤྱི། ས་གནས་འགོ་འཛིན་བཅས་དང་ལྷན་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་བཀའ་བསྡུར་གནང་། དེ་རྗེས་ར་ཇ་སྤུར་བུད་མེད་བཟོ་གཞིས་ཁང་དུ་ཕེབས་ཏེ། བཟོ་གཞིས་འགན་འཛིན་དང་། བུད་མེད་ཚོགས་གཙོ། ས་གནས་མི་མང་བཅས་ནས་ཕེབས་བསུ་ཞུས་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང། དེ་ནས་ར་སྤུར་གནས་ཞུགས་བོད་པ་ཡེ་ཤུ་རྗེས་འབྲངས་པ་སེ་ཡེ་ཤེས་ལགས་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་དང་། ཆོས་ཕྱོགས་ཐད་དགོངས་ཚུལ་བརྗེ་ལེན་གནང་འདུག ཉིན་རྒྱབ་སྤྱི་འཐུས་རྣམ་པ་དཔལ་ས་སྐྱའི་མཐོ་སློབ་ཏུ་ཕེབས་པ་དང་། སྐབས་དེར་མཁན་པོ་མཆོག་གིས་ཕེབས་བསུ་ཞུས་རྗེས། དེ་གའི་མཐོ་སློབ་ཚོགས་ཁང་ནང་དགེ་འདུན་པ་འདུ་འཛོམས་ཐོག མཁན་པོ་མཆོག་ནས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་ནས་སྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་གི་ཚོགས་གཙོ་དང་། ཚོགས་གཞོན་གཙོས་རྒྱུན་ལས་རྣམ་པས་སྙན་ཞུ་དང་། ངག་ཐོག་བདེ་སྡུག་གང་ཞུས་ལ་སྤྱི་འཐུས་རྣམ་པས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་ན་ནི་ཏལ་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ཁ་ཐོར་མི་མང་གི་ཚོགས་གཙོ་དང་། རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ་ལེན་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྒོ་མང་དགའ་ལྡན་ཀུན་ཁྱབ་གླིང་དུ་ཆོས་མཇལ་ཞུས་ཤིང་། སྐབས་དེར་དགོན་པའི་མཁན་པོ་མཆོག་གིས་སྤྱི་འཐུས་རྣམ་པ་སྣེ་ལེན་དང་སྦྲགས་འདས་པའི་དགོན་པའི་བྱུང་རིམ་དང་། ད་ལྟའི་གནས་སྟངས་སྐོར་སྙན་སེང་དང་། དེ་རྗེས་ཁ་ཐོར་མི་མང་རྣམས་ལ་ཐུག་འཕྲད་ཀྱིས་མི་མང་གི་སྤྱིའི་བདེ་སྡུག་གསན་ཞིབ་དང་། དེ་བཞིན་མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ས་གནས་བོད་མིའི་ཚོང་ཁང་ཁག་ལ་གཟིགས་ཞིབ་གནང་།

ཉིན་རྒྱབ་རྒྱ་གར་གཞུང་གི་པདྨ་ཤྲི་རི་གཟེངས་རྟགས་བཞེས་མྱོང་མཁན་ལོ་རྒྱུས་ཉམས་ཞིབ་པ་དང་། སྲོལ་རྒྱུན་རི་མོ་མཁས་ཅན་འབུམ་རམས་པ་སྐུ་ཞབས་ཡ་ཤོ་དྷར་མ་དྷ་པལ་ (Dr. Yashodar Mathpal) མཆོག་དང་ལྷན་མཇལ་འཕྲད་ཀྱིས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང་འབྲེལ། བོད་དོན་འཐབ་རྩོད་སྐོར་དང་། དམིགས་བསལ་༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡིན་སྐོར་སོགས་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་ཕྱག་དེབ་ཕྱག་རྟགས་སུ་ཕུལ། དེ་ནས་སྤྱི་འཐུས་རྣམ་པ་སྐུ་ཞབས་ཁོང་གིས་གསར་འཛུགས་གནང་བའི་ལོ་རྒྱུས་དང་། སྲོལ་རྒྱུན་རི་མོའི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་པ་དང། ཐོག་བརྩེགས་གསུམ་ཅན་གྱི་འགྲེམས་སྟོན་ཁང་དེའི་ཁང་ཐོག་གསུམ་པ་དེ་བཞིན་བོད་ཀྱི་ཆེད་དུ་ཡིན་འདུག

ཕྱི་ཚེས་ ༢༤ ཉིན་སྔ་དྲོ་སྡེ་ར་ལྡུན་ཁྱབ་ཁོངས་ཚོགས་སྡེ་ཁག་གི་ལས་སྣེ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་པ་དང་། དེའི་སྐབས་གཙོ་བོ་བོད་ཀྱི་རྩ་དོན་འཐབ་རྩོད་སྐོར་སོགས་ལ་བཀའ་བསྡུར་དང་། དྲི་བ་དྲིས་ལན་གནང་། ཉིན་རྒྱབ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་དང་མཇལ་འཕྲད་ཀྱིས། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་ཕྱག་དེབ་ཕུལ་རྗེས། བོད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་། དེ་ནས་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་དང་། སྲོང་བཙན་དཔེ་མཛོད་བཅས་ལ་གཟིགས་སྐོར་ཕེབས་པ་དང་།

ཕྱི་དྲོ་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་ར་ཏ་ཏི་བྷཏ་ས་མན་ཡ་སང་ (Bharat Tibbat Samanvaya Sangh) ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་གཙོས་ཚོགས་མི་བཅུ་དང་ལྷན་མཇལ་འཕྲད་ཀྱིས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས། སྤྱིར་རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པས་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་བྷ་ར་ཏ་ཏི་བྷཏ་ས་མན་ཡ་སང་དབུས་ས་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གནས་ཆེན་གངས་རིན་པོ་ཆེ་ནི་བོད་དང་རྒྱ་གར་ཕྱོགས་གཉིས་ཀ་དང་འབྲེལ་བའི་གནས་རྩ་ཆེན་ཞིག་ཡིན་དུས། ཐུན་མོང་ཐོག་རྒྱ་ནག་གཞུང་ལ་རྩོད་དགོས་སྐོར་སོགས་གསུངས་གནང་བ་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱལ་སྤྱིའི་སྟེང་གི་མཁས་པ་ཚོས་བོད་ཀྱི་ཐོག་གཟིགས་སྟངས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གསུངས་གནང་འདུག

ཕྱི་ཚེས་ ༢༥ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུ་ཤི་ཀར་ སིངྒ་ དྷ་མི་ (Shri Pushkar Singh Dhami, Chief Minister of Uttarakhand) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་སྡེའི་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་། ད་དུང་ཡང་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག

གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༠ དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཇལ་འཕྲད་སོགས་གནང་ཡོད་པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ལམ་འགོར་བཅས་ཁྱོན་ཉིན་གྲངས་ ༡༣ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་འཚམས་གཟིགས་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །