སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་ལོ་༥༦འཁོར་བའི་དུས་དྲན་སྲུང་བརྩིའི་སྐུ་མགྲོན་དུ་ཕེབས་པ།

དེ་ཡང་ཕྱི་ལོ་༢༠༡༤ ཟླ་༦ ཚེས༡༦ ཉིན། བོད་ཀྱི་དཔའ་བོའི་ཁྱུ་མཆོག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་བསྟན་སྲིད་དང་མི་རིགས་རང་དབང་བཅས་ཀྱི་ཆེད་དུ། བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ལྕགས་ཚ་གྲུ་གུ་ཐང་དུ་དངོས་སུ་གསར་འཛུགས་ཞུས་ནས་ལོ་༥༦ འཁོར་བའི་དུས་དྲན་སྲུང་བརྩི་ཐེངས༥༥ པའི་མཛད་སྒོ་དེ་བཞིན། lahཕྱི་ལོ་༢༠༡༤ ཟླ༦ ཚེས༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༧།༣༠ ཐོག་ཕོ་བྲང་གི་སྐུ་རྒྱབ་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་སྔར་ལམ་བཞིན་ཞུ་གཏན་ཁེལ་དོན་ལྟར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ཆུ་ཚོད་༧ པ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་དང་། དེ་གར་ཆུ་ཚོད་༧། ༣༠ ཐོག་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས། གནས་ཆུང་གྲྭ་ཚང་གི་ཆོག་གྲྭ་བ་བཞི་ནས་དབུ་བསྐུལ་གྱིས་བསང་གསོལ་རྒྱས་པ་ཆུ་ཚོད་༡ ཙམ་རིང་བཏོན་ཅིང་། དེ་ནས་སྐུ་མགྲོན་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་སྟེ། གསོལ་ཇ་དང་འབྲས་སིལ་འདེགས་འབུལ་དང་། ཆུ་སྒང་དབུས་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོག་སྦྱང་གྲུབ་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་དང་། ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱི་མཇུག་ཏུ་ཀི་བསོ་ལྷ་རྒྱལ་འཐེན་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།

 

lah1༄༅། །དེ་རིང་གི་ཉིན་མོ་ནི་བོད་ཤར་ཕྱོགས་ཁྱིམ་མཚེས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་སར་བཙན་འཛུལ་བྱས་པས་མ་ཚད། ཡུལ་གྱི་བདག་པོ་བོད་མི་རྣམས་ཀྱི་སྟེང་གདུག་རྩུབ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་པར་བཟོད་སྒོམ་ཐུབ་ཐབས་ཡོངས་སུ་བྲལ་ཏེ། ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་པའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༦ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཆེད་ཕེབས་གནང་བའི་རྡ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ཀྱིས་གཙོས་འདིར་ཕེབས་སྐུ་མགྲོན་རྣམ་པ་དང། ཚོགས་བཅར་བ། མང་ཚོགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང། མི་རིགས་ཀྱི་རང་དབང་བཅས་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་ད་རེས་ཀྱི་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།

ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བར་གྱུར་ནས་མི་ལོ་ ༥༥ ལྷག་སོང་ཟིན་ཀྱང། བོད་མིའི་རང་དབང་འཐབ་རྩོད་ཀྱི་ངོ་བོ་ཆ་ཙམ་ཡང་མ་ཉམས་པར་གནས་བཞིན་ཡོད་པ་ལྟར་ཇི་སྲིད་བོད་མིའི་བདེན་དོན་མཐའ་གསལ་མ་བྱུང་བ་དེ་སྲིད་དུ་བོད་དོན་རྩོད་ལེན་བྱ་རྒྱུ་དེ་ཡང་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་བརྟན་པོར་གནས་ཡོད་པ་ནི། བོད་གཞིས་བྱེས་གཉིས་ནང་རྒྱལ་གཅེས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་རྩ་ཆེའི་ལུས་སྲོག་བློས་བཏང་གིས་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་བཞིན་པ་འདི་དག་གིས་གསལ་པོར་མཚོན་གྱི་ཡོད།

ཚོགས་པ་འདིའི་དབུ་ལས་ཚོགས་མི་ཡོངས་ཀྱིས་སྒྲིག་འཛུགས་འདིའི་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་ཡངས་སུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་རྒྱུ་གནད་ཀྱི་སྙིང་པོར་མ་ཟད། སྤྱིར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་ཞེས་བོད་མི་རྣམས་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་ཅིང། ད་ཆ་མང་ཚོགས་རང་ལ་མང་གཙོ་ཆ་ཚང་གསོལ་རས་བཀའ་དྲིན་བསྩལ་བ་འདི་དག་ཇི་སྲིད་བར་མཐའ་སྐྱེལ་བྱ་རྒྱུར་སྙིང་སྟོབས་ཞུམ་པ་མེད་པ་ཞིག་དགོས་པ་ཤིན་ཏུ་གལ་ཆེ་ཡིན་པ་ལྟར། ཆུ་སྒང་སྒྲིག་འཛུགས་འདི་ཡང་སྲ་བརྟན་ཕུགས་འཕེར་དང། མང་གཙོའི་ངོ་བོ་ཚད་དང་ལྡན་པ་བཅས་འབྱུང་ཕྱིར་ཚོགས་པ་དེབ་སྐྱེལ་གནང་ཡོད་པ་མ་ཟད། ཆུ་སྒང་ཚོགས་པ་སྤྱི་ཡོངས་དང། རྒྱུན་ལས་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་བཏང་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་མང་གཙོ་ཡང་དག་པའི་ལམ་ཕྱོགས་སུ་ཞུགས་བཞིན་པ་དང། བྱེ་བྲག་ཏུ་སྒྲིག་འཛུགས་ཀྱི་མི་རབས་རྒན་པ་སྤྱི་དང། འཁོས་ཞན་ལ་ལེགས་གསོལ་དང་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང། བོད་གསར་འཛུགས་སྐྲུན་གྱི་སོན་རྩ་རྣམས་ལ་སློབ་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་རང་ཉིད་ཀྱི་ཁོངས་མིར་ཕན་

ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ།

ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང་། མ་འོངས་བོད་དང་བོད་མི་ཞེས་པའི་ངོ་བོ་དང་། ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་རྣམས་དར་སྤེལ་ཡོང་ཆེད་བོད་རྒྱའི་དབར་གྱི་དཀའ་ངལ་གནས་བབ་འདི་དག་སེལ་རྒྱུར་དངོས་ཡོད་གནས་སྟངས་དང་འཚམས་པའི་ཐབས་ལམ་བཟང་ཤོས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་རྒྱ་ཆེའི་མང་ཚོགས་ཀྱི་ཚད་མཐོའི་མང་མོས་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདིར་རྒྱལ་སྤྱིའི་ཁྱོན་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་གང་ལེགས་གནང་དང་གནང་བཞིན་ཡོད་པ་སོགས་ཀྱི་དུས་སྐབས་འདི་དག་དམ་འཛིན་གྱིས་བོད་མིའི་རང་དབང་རྩོད་ལེན་གྱི་རྩ་དོན་ལངས་ཕྱོགས་ཀྱི་སྲིད་བྱུས་འདིར་བོད་མི་ཀུན་གྱིས་ནུས་ཤུགས་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ཞིག་ཀྱང་ད་རེས་ཀྱི་དུས་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན།

བླང་དོར་གྱི་གནས་ལ་རྨོངས་ཤིང་བོད་བསྟན་སྲིད་དང། ༸རྒྱལ་བའི་སྐུ་ཕྱྭ་དང་བཅས་པར་བསམ་ཞིབ་དོ་སྣང་མེད་ཁར། རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱི་མགོ་བསྐོར་བསླུ་བྲིད་འོག་ཚུད་པ་ཉུང་ཤས་ཀྱིས་རང་ཉིད་མ་ཟད་མི་རིགས་གཞན་ལའང་བརྒྱུད་སྐུལ་བཅས་ཀྱི་ལམ་ནས་གོ་སྐབས་འདྲ་མིན་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་ཞུ་བ་སོགས་ཀྱི་བྱ་སྤྱོད་ངན་སྤེལ་བྱེད་མཁན་དེ་རིགས་ལ་ང་ཚོས་ངོས་འཛིན་གསལ་པོའི་ཐོག་ནས་བྱ་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་ཡོད་པའི་གྲོས་ཆོད་ཅིག་ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ལྟར། རང་ཅག་བོད་མི་དཔྱོད་ལྡན་ཀུན་གྱིས་གྲོས་ཆོད་ཀྱི་འབྲུ་དོན་རྣམས་ལག་བསྟར་དོན་འཁྱོལ་ཡོང་ཆེད་ཕྱྭར་གྲུ་མཉམ་འདེགས་ཀྱི་འགན་འཁུར་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ནན་ཏན་ཞུ་རྒྱུ།

ཡང་ང་ཚོས་དུས་རྟག་ཏུ་དྲན་ཤེས་དགོས་པ་ཞིག་ནི། བཙན་བྱོལ་བོད་མི་ཕལ་མོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཞུས་ཏེ་གནས་བཞིན་པ་ལྟར། རྒྱ་གར་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རྒྱབ་སྐྱོར་རོགས་རམ་མཐུན་འགྱུར་ཧ་ཅང་རྒྱ་ཆེན་པོ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟར། ང་ཚོས་བཀའ་དྲིན་དེ་དག་དུས་རྟག་ཏུ་བསམ་ཤེས་ཐུབ་པའི་ངང་རང་རང་གནས་ཡུལ་གྱི་ཡུལ་མིའི་མིག་ལམ་དུ་མི་མཛེས་པ་དང། ཐལ་ཆའི་སྤྱོད་ཚུལ་རིགས་མི་འབྱུང་བར་མཐུན་ལམ་གང་གཟབ་གནང་དགོས་པའི་ད་རེས་སླར་ཡང་དུས་དྲན་སྲུང་བརྩིའི་ཉིན་མོ་འདིའི་གོ་སྐབས་བཟུང་ནས་དྲན་བསྐུལ་ནན་ཏན་ཞུ་རྒྱུར་ཚང་མས་ཐུགས་ལ་ངེས་པར་བཅངས་རོགས་གནང་ཞུ་རྒྱུ་བཅས་དང།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ལ།།