སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གཉིས་ས་བགོས་ལྟར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་གནས་ཚུལ་གནང་འབྱོར།

 

Print
ཕྱི་ཟླ་༤ པའི་ཚེས་༣༠ ནས་ཕྱི་ཟླ་༥ ཚེས་༩ བར་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གཉིས་ཀྱིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ཁྱབ་ཁོངས་དགོན་སྡེ་ཁག་དང་། གཞིས་གྲོང་ཁག སློབ་གྲྭ་ཁག སྨན་ཁང་ཁག དེ་བཞིན་མེ་སོར་གྲོང་ཁྱེར་དང་། བྷེང་ལོར་གྲོང་ཁྱེར་བཅས་སུ་ས་བགོས་གནང་བ་བཞིན་གཞུང་དོན་ཕྱོགས་བསྐྱོད་དང་འཚམས་འདྲི་གཟིགས་སྐོར་གནང་ཡོད་པ་རེད།

སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།

དེ་ཡང་ཕྱི་ཟླ་༤ པའི་ཚེས་༢༦ ཉིན། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གཉིས་བཞུགས་སྒར་དྷ་ས་ནས་ཐོན་ཏེ། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་ཟུང་བསམ་གྲུབ་གླིང་གི་ཁྱབ་ཁོངས་དང་བཅས་པར་འཚམས་གཟིགས་ཆེད་ཕེབས་ཡོད་པ་དང་། ཕྱི་ཚེས་༣༠ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་འགོ་ཚེ་དབང་དངོས་གྲུབ་ལགས་དང་། ལས་དྲུང་བཅས་དང་མཉམ་འཛོམས་ཐོག་མཛད་རིམ་གཏན་འབེབས་དང་། ཉིན་རྒྱབ་ས་གནས་འགོ་འཛིན་བརྒྱུད་སྦེལ་ཀོབ་ས་གནས་ཆུ་སྒང་རྒྱུན་ལས་མི་གྲངས་༡༡ གིས་ཐུག་འཕྲད་དགོས་པའི་རེ་སྐུལ་སྔོན་ཞུས་ལྟར། ས་གནས་རང་བདེན་ཚོགས་ཆུང་གི་དཀའ་ངལ་སྐོར་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར་དོ་སྣང་དང་གོ་བསྡུར་ཞུས།

སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།ཕྱི་ཟླ་༥ ཚེས་༡ ཉིན་གྱི་སྔ་དྲོར། ས་གནས་འགོ་འཛིན་གྱིས་ཕེབས་རོགས་འོག ལུགས་ཟུང་བསམ་འགྲུབ་གླིང་གི་ཁྱབ་ཁོངས་གཞིས་གྲོང་ལྔ་པ་དང་དྲུག་པ། སྤུ་ཧྲེང་གྲོང་སྡེ་བཅས་ཀྱི་གཞིས་མི་དང་། འབྲུག་པ་བཀའ་བརྒྱུད་ཀྱི་དགེ་འདུན་པ་དང་། ཕན་བདེ་དགའ་ཚལ་གླིང་གི་དགེ་ལས་བཅས་གཞིས་གྲོང་༥་༦ གཉིས་ཀྱི་སྤྱི་ཁང་དུ་མི་གྲངས་༢༠༠ ལྷག་ལ་དང་པོར། ས་གནས་འགོ་འཛིན་གྱིས་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་པའི་སྤྱི་འཐུས་གཉིས་ཀྱི་ལས་དོན་དང་། སྤྱི་འཐུས་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་བཅའ་ཁྲིམས་རྗེས་འབྲེལ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཟིན་པའི་དགོངས་དོན། རྩིས་ལོ་༢༠༡༢་་༢༠༡༣ ལོའི་སྔོན་རྩིས་གཏན་འབེབས་ཅི་བྱས།  བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་། རྒྱལ་སྤྱི་དང་། རྒྱ་ནག བོད་ནང་གི་གནས་བབ་དང་ཆབ་སྲིད་ཀྱི་འགྱུར་འགྲོས།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཆོས་ཚོགས་ཐེངས་ ༡༡ པའི་ཐོག་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་གསུང་འཕྲིན་ཕེབས་པའི་དོན་གནད་དང་། ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པས་ཟུར་རྒྱན་གྱི་གྲོས་ཆོད་བཞག་པའི་དོན་གནད། དེ་འབྲེལ་སྤྱི་ལྷན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་གྲོས་ཆོད་བཞག་པའི་དོན་གནད་རྣམས་གསལ་བཤད་དང་། ཕྱི་ལོ་༢༠༠༨ ལོ་ནས་བཟུང་། བོད་ནང་གི་གནས་སྟངས་ཛ་དྲག་ཅི་ཆེར་གནས་པ་དང་། བོད་ནང་གི་དགེ་འདུན་པ་དང་བཙུན་མ་མི་སྐྱ་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་༣༥ ཙམ་གྱིས་བོད་བསྟན་སྲིད་ཆེད། རང་སྲོག་བློས་གཏོང་གིས་སྐུ་ལུས་མེར་བསྲེགས་གནང་བར་རྒྱ་གཞུང་གིས་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྗེས་འབྲེལ་དོན་རྐྱེན་ཐོག་གསལ་བཤད་ཀྱི་གཏམ་བཤད་དང་དྲི་བ་དྲིས་ལན། ཉིན་རྒྱབ་གཞིས་གྲོང་གསུམ་པའི་ཚོགས་ཁང་དུ་གཞིས་གྲོང་གསུམ་པ་དང་བཞི་པ་གཉིས་ཀྱི་མི་མང་༡༠༠ ལྷག་ཙམ་ལ་གཏམ་བཤད་དང་། དྲི་བ་དྲིས་ལན། དགོང་མོ་ཆུ་ཚོད་༦ པའི་ཐོག་ས་གནས་གཞིས་འགོ་བརྒྱུད་རེ་སྐུལ་སྔོན་ཞུས་ལྟར། སྤྱི་ཚོགས་འགུལ་བསྐྱོད་ཚོགས་པའི་ཚོགས་མི་གྲངས་༦ མཉམ་ས་གནས་རང་བདེན་ཚོགས་ཆུང་སྐོར་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར་དོ་སྣང་དང་གོ་བསྡུར་ཞུས།

ཕྱི་ཚེས་༢ ཉིན་གྱི་སྔ་དྲོར། གཞིས་གྲོང་དང་པོའི་སྤྱི་ཁང་དུ་གཞིས་གྲོང་དང་པོ་དང་གཞིས་གྲོང་གཉིས་པའི་མི་མང་༢༠༠ ཙམ་དང་། ས་སྐྱ་དགོན་པ་དང་བཀའ་བརྒྱུད་ནཱ་ལེནྜའི་དགེ་འདུན་པ། འཚོ་བྱེད་སྨན་ཁང་དང་སྨན་རྩིས་ཁང་གི་ལས་བྱེད་བཅས་ལ་གཏམ་བཤད་དང་དྲི་བ་དྲིས་ལན། ཉིན་རྒྱབ་བོད་ཁྱིམ་ཚོགས་ཁང་དུ་བོད་ཁྱིམ་སློབ་གྲྭ་དང་དབུས་ཉིན་སློབ་གཉིས་ཀྱི་དགེ་ལས་གྲངས་༥༠༠ ལྷག་ཙམ་ལ་གཏམ་བཤད་དང་། དྲི་བ་དྲིས་ལན།

ཕྱི་ཚེས་༣ ཉིན་སྔ་དྲོར། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སེ་ར་བླ་སྤྱི། སེ་ར་བྱེས། སེ་ར་སྨད། ནང་སྲིད་ཞིང་འབྲོག རྣམ་གྲོལ་གླིང་། ས་གནས་ཁྲིམས་ཞིབ་ཁང་། འཚོ་བྱེད་སྨན་ཁང་། སྨན་རྩིས་ཁང་བཅས་ཀྱི་འགོ་ལས་རྣམས་ལ་འཚམས་འདྲི་དང་། དགོན་སྡེ་ཁག་ལ་མཇལ་སྐོར། ལས་ཁུངས་ཁག་ལ་གཟིགས་ཞིབ། ཉིན་རྒྱབ་ལུགས་བསམ་གཞིས་ལས་ཁང་དང་། མཉམ་འབྲེལ་མ་ལག་ལས་གཞི་ཁག་དང་། བཀྲ་ཤིས་ལྷུན་པོ། སྤུ་ཧྲེང་གྲོང་སྡེའི་སྐྱེས་ལྡན་སོ་ནམ་འདེབས་ལས་བཅས་ལ་འཚམས་གཟིགས་གནང་།

ཕྱི་ཚེས་༤ ཉིན། ལུགས་བསམ་མཉམ་འབྲེལ་ཚོགས་ཁང་རྙིང་པ་རུ་གཞིས་མཉམ་གཉིས་ཀྱི་ལས་བྱེད་དང་། དགོན་སྡེ་ཁག་གི་ཕྱག་མཛོད། སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། སྨན་ཁང་ཁག་གི་འགན་འཛིན། ས་གནས་འོས་བསྡུའི་ཚོགས་མི། རང་བདེན་ཚོགས་ཆུང་གི་ཚོགས་མི། ས་ཁང་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི། ཕ་མའི་འཐུས་ཚོགས། གྲོང་སྡེ་ཁག་གི་སྤྱི་མི། ས་གནས་གཞོན་ནུ་དང་། བུད་མེད་ཀྱི་ཚོགས་གཙོ་བཅས་མཉམ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ས་གནས་རང་བདེན་ཚོགས་ཆུང་གི་སྐོར་ཞིབ་གྲོས་བྱས། དེའི་རྗེས་སུ་ལུགས་བསམ་གཞིས་ལས་ཁང་གི་ཡིག་ཚང་དུ་སྦེལ་ཀོབ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་བཞི་དང་། ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་གཉིས་དང་། ལས་དྲུང་གཉིས་བཅས་མཉམ་འཛོམས་ཐོག་ས་གནས་རང་བདེན་ཚོགས་ཆུང་སྐོར་གྲོས་བསྡུར་གནང་། སྤྱི་འཐུས་དགེ་བཞེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།སྤྱི་འཐུས་དགེ་བཞེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམསལགས་གཉིས།

ཉིན་རྒྱབ་རྣམ་གྲོལ་གླིང་གི་བཤད་གྲྭའི་འདུ་ཁང་དུ་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་མཁན་སྤྲུལ་རྣམ་པ། བཤད་གྲྭའི་བླ་གྲྭ་དགེ་འདུན་འདུས་མང་ཡོངས་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་བཙུན་མ་བཅས་གྲྭ་བཙུན་གྲངས་༡༨༠༠ ཙམ་ལ་གཏམ་བཤད་བྱས།

ཕྱི་ཚེས་༥ ཉིན་གྱི་ཕྱི་དྲོར། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་དུ་སེར་སྨད་མཁན་རིན་པོ་ཆེ་དང་། དགེ་བསྐོས། བླ་སྤྱི་དང་སེ་ར་བྱེས་སྨད་གཉིས་ཀྱི་ཕྱག་མཛོད་རྣམ་པ་བཅས་དགེ་འདུན་པ་གྲངས་༤༠༠ ཙམ་ལ་གཏམ་བཤད་དང་དྲི་བ་དྲིས་ལན།

ཕྱི་ཚེས་༦ ཉིན། མེ་སོར་གྲོང་ཁྱེར་གྱི་བུད་མེད་མཐོ་སློབ་ཅིག་གི་ཚོགས་ཁང་དུ། ས་གནས་བོད་རིགས་སུད་ཚོང་འགན་འཛིན་དང་། ས་གནས་གཞོན་ནུའི་འགན་འཛིན་གཉིས་ཀྱིས་གཙོས་སུད་ཚོང་པ་དང་། མཐོ་རིམ་སློབ་ཕྲུག་གྲངས་༤༠ མ་ཟིན་ཙམ་ལ་གཏམ་བཤད་དང་དྲི་ལ་དྲིས་ལན།

ཕྱི་ཚེས་༧ ཉིན་གྱི་སྔ་དྲོར། བྷེང་ལོར་ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕེབས་རོགས་འོག བྷེང་ལོར་ཁུལ་བོད་མིའི་ཁྲོམ་ས་དང་། རྡུ་སྦའི་ཁྲོམ་རར་གཟིགས་སྐོར། ཉིན་རྒྱབ་བྷེང་ལོར་བོད་ཁྱིམ་ཚོགས་ཁང་དུ་མཐོ་རིམ་སློབ་མ་དང་། ཁ་འཐོར་མི་མང་། བྷེང་ལོར་ཁུལ་དུ་ཡོད་པའི་ལྷོ་སྤྱིའི་ཁྱབ་ཁོངས་མ་ལག་དང་བཅས་པའི་གནད་ཡོད་མི་སྣ་ལས་བྱེད་བཅས་མི་གྲངས་༦༠ ལྷག་ལ་གཏམ་བཤད་དང་དྲི་བ་དྲིས་ལན།

ཕྱི་ཚེས་༨ ཉིན་གྱི་སྔ་དྲོར། བྷེང་ལོར་སྨན་རྩིས་ཁང་དུ་གཟིགས་སྐོར་རྟོག་ཞིབ་དང་། ཉིན་རྒྱབ་ནི་ལ་མངྒ་ལ་ལག་ཤེས་བསྟི་གནས་ཁང་དུ་གཟིགས་སྐོར་དང་། འགན་འཛིན་དང་དགེ་ལས་སློབ་ཕྲུག་བཅས་གྲངས་༥༠ ཙམ་ལ་གཏམ་བཤད་དང་དྲི་བ་དྲིས་ལན།

ཕྱི་ཚེས་༩ ཉིན་གྱི་སྔ་དྲོར། བོད་ཀྱི་ཁྲོམ་རར་གཟིགས་སྐོར་གནང་བ་སོགས་ཐེངས་འདིའི་ཕྱོགས་བསྐྱོད་མཛད་རིམ་དངོས་གཞི་གྲུབ་ཅིང།  ཞིབ་ཕྲའི་ལས་བསྡོམས་ཟུར་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་གསན་གནང་རྒྱུ་ཡིན་འདུག་པ་བཅས།   ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་  ༢༠༡༢ ཟླ་ ༥ ཚེས་ ༡༠ ལ།