
༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་འགོ་འཛུགས་ཏེ། ལ་དྭགས་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་རྣམ་གཉིས་བྱང་ཐང་ས་གནས་ཀྱི་རྫོང་དཔོན་ནི་ཏི་ཤི་ ཇཱ་རོ་རཱ་ (DC Nitish Rajora, IAS) ལགས་དང་མཇལ་འཕྲད་གནང་ཡོད་འདུག

གཞན་ཡང་སྤྱི་འཐུས་རྣམ་གཉིས་ནས་ས་གནས་བོད་ཁྱིམ་ཡན་ལག་སློབ་གྲྭར་གཟིགས་སྐོར་དང་། ཉོ་མ་གཞིས་ཆགས་མི་མང་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ཉོ་མ་དགོན་པ་དང་། མ་ཧེ་དགོན་པ་བཅས་གཉིས་ལ་གནས་གཟིགས་ཞུས་རྗེས། ལ་དྭགས་གླེ་རུ་ཕེབས་ཐོན་གྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་གནང་བཞིན་པའི་ཐོག་མཉམ་ཞུགས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་འདུག་པ་བཅས།
