སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་མཁན་ཁྲིར་མངའ་གསོལ་གྱི་མཛད་སྒོར་གཞུང་འབྲེལ་ཕྱོགས་ཕེབས་གནང་པ།

 

༄༅། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་ཁྲི་མངའ་གསོལ་གྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཟླ་ ༢ ཚེས་ ༡༡ ཉིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་དུ་སྐུ་མགྲོན་རྣམ་བཞུགས་གྲལ་དུ་འཁོད་རྗེས་དངོས་གཞིའི་རྟེན་འབྲེལ་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་སྐྱབས་རྗེ་ཏྲེ་ཧོར་གཟིག་རྒྱབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་སར་ཐོག་མར་གཟིག་རྒྱབ་རིན་པོ་ཆེ་མཆོག་གཟིམ་ཤག་ཏུ་རྟེན་འབྲེལ་མཛད་སྒོ་བསྐྱངས་པ་དང་། དེ་རྗེས་བླ་བྲང་ནས་གདན་སའི་ལས་སྣེ་དབུ་ཆོས་དང་། སྦྱིན་བདག་ཁག་བཅས་ནས་སྤོས་སྣེས་སྤྱན་དྲངས་ཏེ་གཙུག་ལག་ཁང་གི་ཡང་སྟེང་ཚོམས་ཆེན་དུ་རབ་འབྱམས་མཛད་སྒོ་བསྐྱངས་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་ཆོས་རར་གདན་དྲངས་ཏེ་ཆོས་འཁོར་བརྩི་བཞག་གི་མཛད་སྒོ་བསྐྱངས།


སྐུ་མགྲོན་རྣམས་གཙུག་ལག་ཁང་གི་བཞུགས་གྲལ་དུ་འཁོད་མཚམས་ཁྲི་འདོན་དངོས་གཞིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་འདུག གཞན་ཡང་ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་མཆོག་དང་།  དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་། གདན་ས་གྲྭ་ཚང་ཁག་གི་སྐུ་ཚབ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། དེ་བཞིན་ས་གནས་མི་མང་བཅས་ནས་མཁན་ཁྲི་གསར་པ་མཇལ་ཞུ་གནང་། དེ་ནས་སྐུ་མགྲོན་རྣམ་པ་དང་ས་གནས་ཀྱི་སེར་སྐྱ་མི་མང་ཡོངས་ལ་གསོལ་ཚིགས་འདེགས་འབུལ་ཞུས་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །