སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་རྒྱ་གར་ནང་པའི་དུས་སྟོན་ཞིག་ལ་ཚོགས་བཅར་གནང་བ།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།

 

བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་རྒྱ་གར་མ་ཧ་ར་ཤ་ཊ་ར་(Maharashtra) མངའ་སྡེའི་ཡ་ཝན་ཏ་མལ་ (Yavantmal) གྲོང་ཁྱེར་ནང་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས ༢༥ ནས་ཉིན་གྲངས་གསུམ་རིང་ཚོགས་པའི་ནང་པའི་དུས་སྟོན་ཞིག་གི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ངོ་བཅར་གནང་སྟེ། ཚོགས་བཅར་བ་སུམ་སྟོང་ཙམ་ལ་སྤྱིར་ནང་ཆོས་ངོ་སྤྲོད་སྙིང་བསྡུས་དང། བོད་དུ་ནང་ཆོས་དར་ཚུལ། ད་ལྟ་བོད་ཀྱི་སྣོད་བཅུད་གཉིས་ཀར་རྒྱ་དམར་གྱིས་དྲག་སྤྱོད་ཇི་ལྟར་བྱེད་ཚུལ། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་སྲེག་གི་གནས་ཚུལ་རྣམས་ཧིན་སྐད་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། མངའ་སྡེའི་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ (Shivajirao Moghe) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང། རྒྱ་གར་གཞུང་མང་ནས་བོད་མིའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། སླད་མར་ཡང་བོད་དང་བོད་མིའི་དཀའ་སྡུག་མ་སེལ་བར་རྒྱབ་སྐྱོར་མུ་མཐུད་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དང་སྦྲགས། དེར་ཕེབས་གསར་འགོད་པ་ཚོར་བོད་ཀྱི་གནད་དོན་སྐོར་ལ་ངོ་སྤྲོད་ཀྱང་གནང་ཡོད་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུས་ཡོད་པ་རེད།།