སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་རྣམ་གཉིས་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཐེངས་ ༢༧ པར་བཅར་བ།

interfaith pre-assemblinterfaith pre-assembl

རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ལོ་བཞི་རེའི་མཚམས་རྒྱལ་ཡོངས་ཚོགས་ཆེན་རེ་ཚོགས་སྲོལ་ཡོད་པ་ལྟར། ལྷན་ཚོགས་འདིའི་ཚོགས་གཞོན་སྐུ་ཞབས་བྷ་སའུ་མོཐ་ལགས་ཀྱིས་མགྲོན་འབོད་གནང་སྟེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ཁུལ་དུ་ཕྱི་ཟླ་ ༤ ཚེས ༢༣ ནས་ཉིན་གྲངས་བཞིའི་རིང་ཚོགས་པའི་ཚོགས་ཆེན་དེར་བཅར་གནང་ཡོད་པ་རེད།

སྤྱི་འཐུས་རྣམ་གཉིས་ནས་སྔོན་འགྲོའི་ཚོགས་ཆེན་ཐོག་གོ་སྐབས་ནམ་བྱུང་ལ་བོད་དང་བོད་མིའི་དཀའ་སྡུག་དང། བོད་ཀྱི་ཁོར་ཡུག ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་སོགས་སྙན་གསེང་ཞུས་ཡོད་མ་ཟད། ཚེས་ ༢༣ ཉིན་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ནས་བཙན་བྱོལ་ནང་དུ་སྤེལ་དང་སྤེལ་བཞིན་པའི་ལས་འགུལ་སྐོར་ངོ་སྤྲོད་དང། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ཀྱི་གནས་སྟངས་སྤྱི་དང། ད་སྐབས་བོད་ནང་དུ་རང་ལུས་ཞུགས་འབུལ་གྱི་གནས་སྟངས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་ལ། ཚོགས་འདུའི་ཐོག་ཤོག་གྲངས་བཞི་ཅན་གྱི་གསུང་བཤད་དབྱིན་ཡིག་ནང་འགྲེམས་སྤེལ་དང་བགྲོ་གླེང་ཡང་གནང་ཡོད།

ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ནས་ཡེ་ཤུའི་ཆོས་ཚོགས་འདྲ་མིན་གྱི་སྐུ་ཚབ་ ༥༠༠ ལྷག་ཙམ་ནས་བརྗོད་གཞི་ཁག་བདུན་གྱི་ཐོག་གྲོས་བསྡུར་གནང་ཡོད་པ་ནི། ༡ འཛམ་གླིང་ཞི་བདེ་དང་། ཆོས་ལུགས་ལྟ་གྲུབ་འདྲ་མིན་གྱི་ཞབས་འདེགས། ༢ ཁོར་ཡུག་སྲུང་སྐྱོབ་ཐད་ཆོས་ལུགས་མི་སྣས་ཞབས་འདེགས། ༣ འཛམ་གླིང་གི་དཀའ་སེལ་སླད་ཆོས་ལུགས་མི་སྣས་ཞབས་འདེགས། ༤ ཕྱི་གསལ་ནང་གསལ་དང་། འགན་ཁུར་ཚད་ལྡན་ཐད་ཆོས་ལུགས་མི་སྣས་ཞབས་འདེགས། ༥ འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་མི་སྣའི་འགན་འཁུར། ༦ དབུལ་ཕོངས་ཀྱི་དཀའ་ངལ་དང་། ཆོས་ལུགས་མི་སྣའི་འགན་འཁུར། ༧ བོད་མིའི་དཀའ་སྡུག་བཅས་ཀྱི་ཐོག་བཀའ་བསྡུར་ཞིབ་རྒྱས་གནང་རྗེས་དོན་ཚན་མང་པོའི་ཐོག་རྒྱབ་གཉེར་དང་གྲོས་ཆོད་བཞག་ཡོད་པ་དང། བོད་དོན་དང་འབྲེལ་བའི་དོན་ཚན་བརྒྱད་ཅན་ལ་སྤྱི་མོས་གཏན་འབེབས་ཀྱིས་གྲོས་ཆོད་བཞག་པའི་གནས་ཚུལ་སྐོར་སྤྱི་འཐུས་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་སུ་འབུལ་ལམ་ཞུས་པའི་ལམ་བསྡོམས་ནང་གསལ་ཡོད་པ་རེད།།

interfaith pre-assemblyinterfaith pre-assembly