སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་བལ་ཡུལ་སྤོག་ར་ཁུལ་གློ་ཚེ་རོགས་དང་། བཀྲིས་གླིང་། བཀྲིས་དཔལ་འཁྱིལ། གློ་སྒྲིག་ཁོངས་དཔལ་འབྱོར་གླིང་། བྱམས་པ་གླིང་། བཀྲིས་སྒང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

Tashi Palkyi 2བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་བགོས་ཕྱོགས་ཕེབས་ཀྱི་ལས་རིམ་འོག་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༣ ནས་ཟླ་ ༥ ཚེས་ ༥ བར་བལ་ཡུལ་སྤོག་ར་ཁུལ་གློ་ཚེ་རོགས་དང་། བཀྲིས་གླིང་། བཀྲིས་དཔལ་འཁྱིལ། གློ་སྒྲིག་ཁོངས་དཔལ་འབྱོར་གླིང་། བྱམས་པ་གླིང་། བཀྲིས་སྒང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༣ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ཐོན་ཏེ་ལྡི་ལི་བརྒྱུད་ཕྱི་ཚེས་ ༡༥ ཉིན་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་སུ་འབྱོར། དེ་ཉིན་ཕྱི་དྲོ་སྤོག་རར་ཐོན་ནས་ཕྱི་ཆེས་ ༡༦ ཞོགས་པ་སྤོག་རར་འབྱོར་བ་དང་སྤོག་ར་ཁུལ་གྱི་ས་འགོ་གསུམ་དང་གློ་སྒྲིག་ཚོགས་གཙོ་བཅས་ཀྱིས་སྣེ་ལེན་དང་སྦྲགས། སྤོག་ར་ཁུལ་དང་གློ་ཚེ་རོགས་བཅས་ཀྱི་ས་གནས་འགོ་འཛིན་ཚོའི་ལྷན་བྱམས་པ་གླིང་གཞིས་ཆགས་སུ་ཆེད་བསྐྱོད་ཀྱིས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་འཚམས་ཞུར་བཅར་བ་དང་། ཁུལ་དེར་སྟག་ལུང་མ་དགོན་གསར་བཞེངས་ཀྱི་ལས་འཆར་སྐོར་མཁྱེན་རྟོགས་གནང་།

Tashi Ling 1ཕྱི་ཚེས་ ༡༧ ཉིན་ཞོགས་པར་མཁའ་ལམ་བརྒྱུད་འཛོམས་སོམ་ཕྱོགས་སུ་གློ་ཚེ་རོགས་ས་འགོ་དང་འབྲེལ་མཐུད་པའི་མཉམ་དུ་ཐོན། གཞིས་ཆགས་སུ་འབྱོར་སྐབས་ས་གནས་རང་ཚོགས་ཚོགས་གཙོ་དང་ལས་ཀྱི་སྣེ་མོ་བ་རྣམས་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས། ཀུ་ཤུ་དང་། ཁམ་བུའི་ཞིང་སར་གཟིགས་སྐོར་གནང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་མི་མང་ཚོགས་ཆེན་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་གང་ཉིད་ཀྱི་བཀའ་དྲིན་དུས་རྟག་ཏུ་དྲན་དགོས་པ། བོད་གཞུང་མང་གཉིས་ནས་གྱ་སྟོན་གྱི་བརྟན་བཞུགས་སྐོར་དང་། བོད་ནང་གི་ད་ལྟ་ཡ་ང་བའི་གནས་སྟངས་སྤྱི་དང་གཞིས་ལུས་བོད་མིའི་སྙིང་སྟོབས་དང་ང་ཚོ་བཙན་བྱོལ་བོད་མིའི་ལས་འགན། དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་རྒྱབ་ལྗོངས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་ཕྱི་ལོ་ ༢༠༡༥་་་༡༦ ལོའི་སྔོན་རྩིས་གཏན་འབེབས་སྐོར། གྲོས་ཚོགས་ཚོགས་དུས་ ༩ པའི་ལས་རིམ་གལ་ཆེ་ཁག བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་མང་ཚོགས་ཀྱི་ལས་འགན། བོད་ཕྲུག་ཚོའི་ཤེས་ཡོན་གྱི་གལ་གནད། མང་ཚོགས་ཀྱི་ཆ་ཤས་ལེན་ཕྱོགས་བཅས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྭོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་།choetan 3

དེ་ནས་གཞིས་ཆགས་ཀྱི་མ་ཎི་ལྷ་ཁང་དུ་མཆོད་འཇལ་དང་། ས་གནས་ཀྱི་སློབ་གྲྭ འཕྲོད་བསྟེན་སྨན་ཁང་། རང་ཚོགས་ཀྱི་ལས་ཁུངས་བཅས་སུ་གཟིགས་སྐོར་ཕེབས། དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཐོག་རང་ཚོགས་ལས་ཁུངས་ནང་ས་གནས་ཀྱི་ལས་ཀྱི་སྣེ་མོ་བའི་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གཞིས་ཆགས་ཀྱི་དཀའ་ངལ་སྐོར་གསན་ཞིབ་རྒྱུས་ལོན་གནང་།

ཕྱི་ཚེས་ ༡༨ ཞོགས་པ་གློ་ཚེ་རོགས་ནས་མཁའ་ལམ་བརྒྱུད་སྤོག་ར་ཕྱོགས་སུ་ཐོན་པ་དང་། ཚེས་ ༡༩ ཉིན་བཀྲིས་གླིང་གཞིས་ཆགས་ཀྱི་ལས་རིམ་གྱི་ཐོག་མར་ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་ས་གནས་གཞིས་དགོན་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་དར་རྒྱས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས། དེ་རྗེས་དར་རྒྱས་གླིང་དགོན་པར་གནས་གཟིགས་དང་། གཞིས་ཆགས་བཙུགས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དྲན་རྟེན་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས། དེ་རྗེས་གཞིས་ཆགས་ཚོགས་ཁང་ནང་མི་མང་ཚོགས་ཆེན་ཐོག་བརྗོད་གཞི་གོང་བཞིན་གསུང་བཤད་དང་དྭོགས་འདྲི་ཁག་ལ་ལན་འདེབས་འཐུས་གཙང་གནང་། ཉིན་རྒྱབ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་ས་འཐུས་མཉམ་ཆུ་ཚོད་ ༡ རིང་དམིགས་བསལ་ཚོགས་འདུ་གནང་བ་དང་། གཞིས་ལས་ཁང་དང་ས་གནས་བཟོ་གྲྭའི་ལས་ཁུངས་སོ་སོར་གཟིགས་སྐོར་ཕེབས། དེ་རྗེས་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་དང་ལྷན་བཞུགས་མོལ་ཚོགས་འདུ་གནང་སྟེ་མང་ཚོགས་ཀྱི་དཀའ་ངལ་ཁག་གསན་ཞིབ་རྒྱུས་ལོན་གནང་། སྤོག་ར་ SOS སློབ་གྲྭ་དང་ལག་ཤེས་སྦྱོང་བརྡར་ཁང་གཉིས་ལ་གཟིགས་སྐོར་དང་། དེའི་གནས་སྟངས་ཐོག་གོ་བསྡུར་གནང་།

 

ཕྱི་ཚེས་ ༢༠ ཉིན་དཔལ་འབྱོར་གླིང་གཞིས་ལས་ཁང་དུ་སྤྱི་ཟུར་ལི་ཐང་དབང་རྒྱལ་མཆོག་དང་། ས་འཐུས་ཚོགས་གཙོ། གཞིས་དགོན་གྱི་སྐུ་ཚབ་བཅས་ལས་ཀྱི་སྣེ་མོ་བ་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས། དེ་ནས་གཞིས་དགོན་དུ་མཆོད་མཇལ་དང་། ས་འཐུས་ལས་ཁང་། ས་གནས་རང་ཚོགས་ལས་ཁང་། གཞིས་ཆགས་ཀྱི་ཉིན་སློབ། འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཡན་ལག ཐུག་བཟོ་སྡེ་ཚན། གློ་སྒྲིག་ཚོང་ཁང་བཅས་སུ་རིམ་བཞིན་གཟིགས་སྐོར་ཕེབས་ཡོད་པ་དང་། གཞིས་ཆགས་ཚོགས་ཁང་ནང་མི་མང་ཚོགས་ཆེན་ཐོག་གོང་བཞིན་གསུང་བཤད་དང་དྭོགས་འདྲི་ཁག་ལ་ལན་འདེབས་འཐུས་གཙང་གནང་།

ཉིན་རྒྱབ་ནས་གློ་སྒྲིག་བདེ་དོན་ལས་ཁང་དུ་གློ་སྒྲིག་ཚོགས་གཙོས་དབུས་པའི་འགན་ལྷན་འཐུས་མི་ཚོ་མཇལ་འཕྲད་ཞུས་པ་དང་། སྐབས་དེར་གློ་སྒྲིག་གི་ལས་དོན་སྐོར་གྲོས་བསྡུར་སྦྱང་བཤད་གནང་བ་མ་ཟད། གློ་སྒྲིག་ཁྱབ་ཁོངས་བཀྲིས་སྒང་གཞིས་ཆགས་སུ་ཕེབས་ནས་གཞིས་ཆགས་ནང་གཟིགས་སྐོར་དང་མང་ཚོགས་ཀྱི་དཀའ་ངལ་གསན་ཞིབ་རྒྱུས་ལོན་གནང་།

 

choeten 2ཚེས་ ༢༡ ཉིན་བྱམས་པ་གླིང་གཞིས་ལས་ཁང་དུ་ས་གནས་འགོ་འཛིན་དང་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས། བྱམས་པ་གླིང་གཞིས་ཆགས་སུ་བྱང་ཆུབ་མཆོད་རྟེན་དབུ་འབྱེད་དང་རབ་གནས་ཀྱི་མཛད་སྒོར་མཉམ་ཞུགས་གནང་། དེ་རྗེས་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནས་མཆོད་རྟེན་རིན་པོ་ཆེར་རབ་གནས་གནང་བ་དང་འབྲེལ། མཆོད་རྟེན་དབུ་འབྱེད་ཀྱི་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་བ་དང་། སྐབས་དེར་མཛད་སྒོའི་ཐོག་དམིགས་བསལ་གསུང་བཤད་གནང་། ཉིན་རྒྱབ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་གྱིས་དབུས་ལས་ཀྱི་སྣེ་མོ་བའི་ལྷན་ཆུ་ཚོད་གཉིས་ཙམ་བཞུགས་མོལ་ཚོགས་འདུ་གནང་སྟེ་གཞིས་ཆགས་ཀྱི་དཀའ་ངལ་དང་གནས་སྟངས་རྒྱུས་ལོན་སོགས་གནང་ཡོད་པ་མ་ཟད། གཞིས་ཆགས་ཚོགས་ཁང་ནང་མི་མང་ཚོགས་ཆེན་ཐོག་གོང་བཞིན་གསུང་བཤད་དང་དྭོགས་འདྲི་ཁག་ལ་ལན་འདེབས་འཐུས་གཙང་གནང་། དེ་རྗེས་གློ་སྒྲིག་རྒས་གསོ་ཁང་དང་། ས་གནས་སློབ་གྲྭ སློབ་མ་ཚོའི་ཉལ་ཁང་། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁང་། གཞིས་ཆགས་ཀྱི་སྨན་ཁང་། དེ་བཞིན་སྡེ་ཚན་ཁག་བཅས་སུ་གཟིགས་སྐོར་ཕེབས།Tashi Ling 1

ཚེས་ ༢༢ ཉིན་བཀྲིས་དཔལ་འཁྱིལ་གཞིས་ལས་མདུན་ཐང་དུ་ས་འཐུས་ཚོགས་གཙོ་རྣམ་གཉིས་དང་། གཞིས་དགོན་སྐུ་ཚབ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སོགས་ལས་ཀྱི་སྣེ་མོ་བ་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་པ་དང། གཞིས་དགོན་དུ་མཆོད་མཇལ་དང་། དེ་རྗེས་གཞིས་ལས་ཁང་། ས་འཐུས་ཚོགས་ཁང་། རང་བདེན་ཚོགས་ཆུང་ལས་ཁང་། ས་གནས་མཉམ་འབྲེལ་ལས་ཁང་། རྒས་གསོ་ཁང་། ས་གནས་ཉིན་སློབ། སློབ་མའི་ཉལ་ཁང་། ས་གནས་སྔོན་སློབ། འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་སྐོར་ཕེབས། དེ་ནས་ས་འཐུས་ཚོགས་ཁང་ནང་ས་འཐུས་རྣམ་པར་ས་འཐུས་ཀྱི་ལས་འགན་དང་འགན་དབང་སྐོར་ལམ་སྟོན་གནང་བ་མ་ཟད། གཞིས་ཆགས་ཀྱི་ཚོགས་ཁང་ནང་ས་གནས་མི་མང་ལྷན་དུ་བཞུགས་མོལ་ཚོགས་འདུ་དང་ས་གནས་ཀྱི་དཀའ་ངལ་རྒྱུས་ལོན་གནང་། ཉིན་རྒྱབ་ནས་གཞིས་ཆགས་ཚོགས་ཁང་ནང་མི་མང་ཚོགས་ཆེན་ཐོག་གོང་བཞིན་གསུང་བཤད་དང་དྭོགས་འདྲི་ཁག་ལ་ལན་འདེབས་གནང་སྟེ་ཕྱི་དྲོ་ཆུ་ཚོད་ ༥ ཐོག་སྤོག་རར་ཕེབས།skool

ཕྱི་ཚེས་ ༢༣ ཕྱི་དྲོ་སྤོག་ར་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་བལ་ཡུལ་དང་རྒྱ་གར་ས་མཚམས་ཀ་ཀར་སྦི་ཏ་ཕྱོགས་སུ་ཐོན་ཏེ་ཕྱི་ཚེས་ ༢༤ ཉིན་ཤི་ལི་གུ་རིར་བཞུགས།

ཕྱི་ཚེས་ ༢༥ ནས་ཟླ་བ་ ༥ ཚེས་ ༡ བར་སྒེར་ལས་ཆེད་དགོངས་ཞུ་དང་འབྲེལ། ཟླ་བ་ ༥ ཚེས་ ༢ ཉིན་ཤི་ལི་གུ་རི་ནས་རི་ལི་བརྒྱུད་ལྡི་ལིར་ཐོན། ཕྱི་ཚེས་ ༣ ཉིན་ལྡི་ལིར་འབྱོར། ཚེས་ ༤ ཕྱི་དྲོ་ལྡི་ལི་ནས་ཐོན་ཏེ་ཚེས་ ༥ ཞོགས་པ་དྷ་རམ་ས་ལར་ཕྱིར་ཕེབས་གནང་ཡོད།

ཐེངས་འདིར་ཕྱོགས་ཕེབས་སྐབས་ས་གནས་གང་སར་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་བཅས་ནས་སྣེ་ལེན་སོགས་མཐུན་འགྱུར་གང་ལེགས་གནང་ཡོད་པ་དང་། ལྷག་པར་གློ་སྒྲིག་བདེ་དོན་ཚོགས་པ་ནས་སྤོག་ར་ཁུལ་གྱི་གཞིས་ཆགས་ཁག་ཏུ་ཕྱོགས་བསྐྱོད་སྐབས་མོ་ཊའི་མཐུན་འགྱུར་གནང་མི་ཚང་མར་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།

སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༢ ལ།།