
༄༅། །སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་རྡ་ས་ས་གནས་འགོ་འཛིན་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢༦ ནས་ ༢༧ བར་ཉིན་གྲངས་གཉིས་རིང་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། ཆུ་ཚོད་ ༢།༣༠ ནས་བློ་གསལ་གླིང་སྒྲོལ་མ་ལྷ་ཁང་དུ་གནས་མཇལ་དང་། འབྲེལ་ཡོད་འགན་འཛིན་རྣམས་དང་ལྷན་བཀའ་མོལ་གནང་། ཆུ་ཚོད་ ༣།༢༠ ལ་བོད་པའི་ཁྲོམ་རར་གཟིགས་སྐོར་ཕེབས། ཆུ་ཚོད་ ༤།༠༥ ལ་རྒྱུད་སྟོད་ཚོགས་ཁང་དུ་གནས་མཇལ། དེ་ནས་བཟོ་གྲྭའི་ལས་ཤག་ཁག་དང་། གཞིས་ཆགས་ཀྱི་ཚེ་རིང་ཁང་དང་། སྐལ་བཟང་ཁང་གཉིས་ལ་གཟིགས་སྐོར་ཕེབས་རྗེས། སྤྱི་མི་བརྒྱ་དཔོན་སོགས་ཐུག་འཕྲད་ཀྱིས་ཕྱི་དྲོ་ཆུ་ཚོད་ ༦།༠༠ པར་ཉིན་དེའི་ལས་རིམ་ཁག་ལེགས་པར་གྲུབ།

ཕྱི་ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༩།༠༠ པའི་ཐོག རྩེ་ཆེན་ཟླ་འོད་གླིང་དང་། ས་འཐུས་ལས་ཁུངས། རང་བདེན་ཚོགས་ཆུང་ལས་ཁུངས། འཕྲོད་བསྟེན་སྨན་ཁང། སློབ་གྲྭ། ས་འགོ་དང་བཟོ་གྲྭའི་ལས་ཁུངས། སྨན་རྩིས་ཁང། གཞོན་ནུ་དང་བུད་མེད། དབུ་མའི་ལམ་བཅས་ཀྱི་ལས་ཁུངས་སུ་འཚམས་གཟིགས་དང་། ཚོགས་པ་སོ་སོའི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་ཐུག་འཕྲད་གནང་འདུག

ཆུ་ཚོད་ ༡༡།༠༠ ཐོག་ཌལ་ཧོར་ས་གནས་ཀྱི་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཨཱ་ཤཱ་ ཀུ་མཱ་རཱི་ (Smt Asha Kumari, former Member of the Himachal Pradesh Legislative Assembly) མཆོག་མཇལ་འཕྲད་དང། ཁོང་གིས་ཡུན་རིང་བོད་དོན་དང་ས་གནས་བོད་པར་རྒྱབ་སྐྱོར་རོགས་རམ་ཅི་གནང་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་སྒོས་སུ་བཅའ་སྡོད་སློབ་གྲྭ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་རྒྱ་གཞུང་གི་སྲིད་བྱུས་བཅས་ཀྱི་སྐོར་ཆུ་ཚོད་ ༡༢།༠༠ བར་སྙན་གསོལ་གླེང་མོལ་ཞུས་འདུག ཆུ་ཚོད་ ༡༢།༡༥ ལ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དམག་དཔོན་ཟུར་པ་ཌོག་ཊར་ཇི་ཨསེ་དྷི་ལློན་ (Dr. (Capt) G.S.Dhillon. Chairman of Dalhousie Public school and President, Indo Tibetan friendship society) མཆོག་མཇལ་འཕྲད་དང་བོད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་ཆུ་ཚོད་ ༡༢།༤༠ བར་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༣།༠༠ པ་བར་ས་འགོ་ལས་ཁུངས་སུ་བཞུགས་མོལ་ཚོགས་འདུ་འཚོགས། དེ་རྗེས་ཆུ་ཚོད་ ༣།༠༠ པར་ས་གནས་སྤྱི་ཁང་དུ་མི་མང་ལ། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང། དེ་རྗེས་མང་ཚོགས་ནས་ཞུ་སྐུལ་དང་། དགོངས་འཆར། དྲི་བ་དྲིས་ལན་དང་གསལ་བཤད་བཅས་ཆུ་ཚོད་ ༥།༢༠ བར་ལས་རིམ་བསྐྱངས་འདུག་པ་བཅས།

