སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་མུ་མཐུད་བཞུགས་སྒར་རྡ་ས་ཁུལ་ལ་འཚམས་གཟིགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ཉིན་ནས་འགོ་འཛུགས་ཏེ། རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༣ ཉིན་ནོར་བུ་གླིང་ག་དང་། བཙུན་དགོན་སྒྲོལ་མ་གླིང་། བོད་ཀྱི་ཟློས་གར་ཚོགས་པ། བྱམས་པ་གླིང་རྒས་གསོ་ཁང་བཅས་སུ་འཚམས་གཟིགས་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ཀྱིས་ནོར་བུ་གླིང་གའི་ཁོར་ཡུག་དང་། ལག་ཤེས། སྒྱུ་རྩལ་བཅས་སྡེ་ཚན་ཁག་དང་། ནོར་བུ་གླིང་གའི་སྔོན་འགྲོ་དང་བྱིས་བཅོལ་ཁང་བཅས་ལ་གཟིགས་སྐོར་གནང་བ་དང་། དེ་ནས་བཙུན་དགོན་སྒྲོལ་མ་གླིང་དུ་ཕེབས་ཏེ། དགོན་པའི་ཡིག་ཚང་དང་བཙུན་མའི་འཆར་ཚོགས་པའི་ལས་ཁུངས་གི་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་མོལ་གནང་རྗེས། དགོན་པར་གནས་མཇལ་དང་གཟིགས་སྐོར་ཕེབས་གནང་འདུག

ཆུ་ཚོད་ ༡༢།༢༠ ལ་ནོར་གླིང་ཁུལ་དུ་བཞུགས་པའི་མི་མང་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་གསུང་བཤད་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༤༥ ལ་བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་དང་། དགེ་སློབ་ལས་ཤག་གསར་པ། འཚེམ་ཁང་། ཉམས་ཞིབ་ཁང་བཅས་སུ་གཟིགས་སྐོར། ཆུ་ཚོད་ ༣།༢༥ ལ་དགེ་ལས་སློབ་གཉེར་བ་རྣམས་ཚོགས་ཁང་དུ་ཚང་འཛོམས་ཐོག སྤྱི་འཐུས་རྣམ་ཀརྨ་དགེ་ལེགས་མཆོག་ནས་༸གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་བྱེ་བྲག་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་རང་བཞིན་མང་གཙོ་ཅན་དུ་བསྒྱུར་གནང་མཛད་པ་དང་། བཅའ་ཁྲིམས་ཀྱི་འཕེལ་རིམ་དང་། གལ་གནད་བཅས་ཀྱི་སྐོར་གསུང་བཤད་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བཙན་བྱོལ་བོད་མིའི་འོས་འགན་དང་། ཟློས་གར་ཚོགས་པའི་དགེ་ལས་སློབ་མ་ཚོས་བོད་ཀྱི་ཐུན་མིན་སྒྱུ་རྩལ་རྣམས་བདག་སྲུང་དང་། དར་འཕེལ་གཏོང་རྒྱུའི་གལ་གནད་དང་སྐུལ་མ་གནང་འདུག

ཕྱི་དྲོ་ཆུ་ཚོད་ ༤།༣༠ ལ་བྱམས་པ་གླིང་རྒས་གསོ་ཁང་དུ་འཚམས་གཟིགས་དང་། རྒན་འཁོགས་ཐུག་འཕྲད། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་མདོར་བསྡུས་རེ་གནང་བ་དང་། རྒས་གསོ་ཁང་གི་ཉལ་ཁང་དང་། གསོལ་ཐབ། སྨན་ཁང་བཅས་སུ་གཟིགས་སྐོར་བཅས་ལེགས་པར་གྲུབ་ཡོད་པ་བཅས།