སྤྱི་ཟུར་སྔགས་རམས་པ་བིས་མདོ་ཐུབ་བསྟན་འོད་ཟེར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༡ དང་ ༡༢ པའི་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་ཆེད་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་སྔགས་རམས་པ་བིས་མདོ་ཐུབ་བསྟན་འོད་ཟེར་མཆོག་འདི་ཟླའི་ཚེས་ ༩ རེས་གཟའ་ལྷག་པའི་ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་གང་གི་ཤག་ཚང་དགེ་ཕྲུག་འདོད་གཅིག་ལྟོས་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། གང་གི་ཉེ་འབྲེལ་ཤུལ་ལུས་ཤག་ཚང་དགེ་ཕྲུག་འདོད་གཅིག་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས་ཤིང་། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་མངར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ཤག་ཚང་དགེ་ཕྲུག་འདོད་གཅིག་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ། ཞེས་འཁོད་གནང་འདུག

དེ་ཡང་སྤྱི་ཟུར་སྔགས་རམས་པ་བིས་མདོ་ཐུབ་བསྟན་འོད་ཟེར་མཆོག་ནི་ཕྱི་ལོ་ ༡༩༣༤ ལོར་བོད་མདོ་སྨད་ཨ་མདོ་བིས་མདོ་ཞེས་པའི་ས་ཆར་སྐུ་འཁྲུངས་པ་དང་། ཆུང་དུས་ནས་བིས་མདོ་དགོན་ཆེན་དུ་ཆོས་ཞུགས་གནང་སྟེ་ནང་ཆོས་ཀྱི་སློབ་གཉེར་གནང་། དགུང་ལོ་ ༢༠ ཙམ་ལ་ཕེབས་དུས་ལྷ་སར་ཕེབས་ནས་དབུས་ཀྱི་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་ཀྱི་གསན་བསམ་སློབ་གཉེར་མཐར་ཕྱིན་པ་མཛད། བོད་ཀྱི་དུས་འགྱུར་སྐབས་འདུས་མང་མཉམ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། དྷ་ལ་ཧའོ་སིར་ལོ་ཤས་བཞུགས་པ་དང་། ཕྱིས་སུ་ཧོན་སུར་གཞིས་ཆགས་སུ་ཕེབས་ནས་གྲྭ་ཚང་གི་ཕྱག་ལས་མང་ཙམ་གནང་ཞིང་། ཕྱི་ལོ་ ༡༩༨༥ ནས་ ༡༩༩༢ བར་གྲྭ་ཚང་གི་སྤྱི་འགན་གནང་སྟེ་འདུ་ཁང་གསར་བསྐྲུན་གྱིས་མཚོན་ཕྱག་ལས་རྒྱ་ཆེ་གནང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་མདོ་སྨད་སྤྱི་འཐུས་སུ་བཞེངས་ནས་སྤྱི་འཐུས་སྐབས་གཉིས་རིང་གནང་བ་དང་། ལྷག་པར་སྐབས་རྗེས་མར་སྤྱི་འཐུས་རྒྱུན་ལས་ལོ་ངོ་བཞི་ཙམ་གནང་། དེ་རྗེས་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་མངགས་བཞིན་ལྡི་ལིར་བོད་དོན་སྲིད་བྱུས་ཉམས་ཞིབ་ཀྱི་ཕྱག་ལས་ལོ་ཕྱེད་གནང་། དེ་ནས་གྲྭ་ཚང་དུ་བཞུགས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༩ རེས་གཟའ་ལྷག་པའི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་དགུང་གྲངས་ ༨༦ ཐོག་སྐུ་གཟུགས་ལ་སྙུན་ན་ཚ་མེད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། ཐུགས་དམ་ལ་བཞུགས་ཡོད་པ་བཅས། །

ཐུགས་གསོའི་འཕྲིན་ཡིག་ངོ་མ་འདིར་གཟིགས་དང་།