སྤྱི་ཟུར་འབྲོག་སྨད་ཚེ་བརྟན་ནོར་བུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་གསུང་འཕྲིན་གནང་བ།

༄༅། ། སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་འཐུས་ཟུར་པ་འབྲོག་སྨད་ཚེ་བརྟན་ནོར་བུ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༠༢ ཉིན་གྱི་ཐོ་རེངས་སུ་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་སུ་གྱུར་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་པ་ཁོང་གི་སྐུ་ཟླ་འཆི་མེད་སྒྲོལ་དཀར་ལགས་ཀྱིས་གཙོས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། དམ་པ་གང་གི་སྐུ་ཟླ་དང་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ཀྱང་ཐུགས་ཡིད་གདུང་ཆེན་པོའི་ངང་གནས་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་སྐུ་ཟླ་འཆི་མེད་སྒྲོལ་དཀར་ལགས་ཀྱིས་གཙོས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

དེ་ཡང་ཞིང་གཤེགས་སྤྱི་ཟུར་དམ་པ་ཚེ་བརྟན་ནོར་བུ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ལ་སྟོད་འབྲོག་པ་སྨན་ལྷའི་ཡུལ་དུ་འཁྲུངས་ཤིང་། བྱིས་པའི་དུས་སུ་ཤར་ཁུམ་ནང་པ་ལ་གངས་ལ་བརྒྱུད་ཤར་ཁུམ་བུར་ཕ་མ་སྤུན་མཆེད་མཉམ་སྐྱབས་བཅོལ་ལ་འབྱོར། དེ་ནས་ཤར་ཁུམ་གཞིས་ཆགས་སློབ་གྲྭ་ནས་དམའ་རིམ་སློབ་སྦྱོང་ཐོན། རིམ་པས་ཀཐ་མན་གྲུ་ཏྲི་བྷུ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ (MBA) བར་མཐོ་རིམ་སློབ་སྦྱོང་མཐར་སོན། དེའི་རྗེས་སུ་  (Xavier University (Searsolin), Philipines) ནས་ (Diploma in Leadership) དང་ (Asian Productivity Organisation (APO), Japan) ནས་ཚོང་འབྲེལ་ཐོག་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༠ ལོ་སྟོད་ཙམ་དུ་བལ་དོན་ཁང་ནང་ས་མཚམས་སྣེ་ལེན་འབྲེལ་མཐུད་པའི་འགན་འཁུར་ལོ་བཞི་དང་། བདེ་སྲུང་འབྲེལ་ཡོད་ལས་ཁུངས་ཀྱི་ཁོངས་སུ་ལོ་དགུ་དང་ཕྱེད་ཀའི་རིང་ཞབས་ཞུ་ཞུས། ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་གཉིས་རིང་ཚོགས་གཙོའི་ལས་འཁུར་ཞུས། བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༢༠༠༦ ནས་ ༢༠༡༡ བར་བོད་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཞུ་སྒོ་ཁག་ལྷག་བསམ་དག་ཅིང་སྙིང་སྟོབས་ཞུམ་པ་མེད་པར་སྲི་ཞུ་བསྒྲུབས། དེ་བཞིན་བལ་ཡུལ་རྒྱལ་ཡོངས་གདན་ཚོང་ཚོགས་པའི་དྲུང་ཡིག་ལོ་བཅུའི་རིང་ཞབས་ཞུ་ཞུས། ཕྱི་ལོ་ ༡༩༩༡ ནས་བཟུང་བོད་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ བར་སམ་བྷོ་ཊ་གསར་ཤོག་གི་རྩོམ་སྒྲིག་པའི་ལས་འཁུར་ཞུས། བལ་ཡུལ་ཀཐ་མན་གྲུ་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་གཞོན་ནུའི་ཚོགས་གཙོ་བཅས་ཀྱི་འགན་འཁུར་ཞུས།  (Philipines) ནང་སློབ་སྦྱོང་གནང་སྐབས་རྒྱལ་ཁབ་ཉི་ཤུའི་སློབ་གཉེར་བའི་ཚོགས་གཙོའི་འགན་འཁུར་དང་ལོ་འཁོར་གསར་ཤོག་གི་རྩོམ་སྒྲིག་པ་བཅས་ཀྱི་འགན་འཁུར་ཞུས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་འགན་འཁུར་ཞུས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་སྐབས་ལྡི་ལི་དང་། སུད་སི་གྲོང་ཁྱེར་ (Geneva) བཅས་སུ་ཟས་བཅད་ངོ་རྒོལ་ལས་འགུལ་སྐབས་ཀྱི་སྣེ་ཁྲིད་འགན་འཁུར་ཞུས་པ་དང་། ཆབས་ཅིག་རྒྱལ་སྤྱིའི་སྡིངས་ཆ་མང་པོའི་ནང་བོད་དོན་ཐོག་གཏམ་བཤད་ཐེངས་མང་ཞུས། བལ་ཡུལ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཁུར་འོག་༸གོང་ས་མཆོག་གི་མཛད་རྣམ་བལ་སྐད་དུ་བསྒྱུར་ཏེ་འགྲེམས་སྤེལ་ཞུས་པ་དང་། གཞན་ཡང་བལ་ཡུལ་སྲིད་བློན་དང་བློན་ཆེན་ཁག་གཙོས་མི་སྣ་ཁག་གདན་ཞུའི་ཐོག་བོད་དོན་སྐོར་ལ་ཚོགས་འདུ་ཐེངས་མང་གོ་སྒྲིག་ཞུས་པ་དང་། དེ་བཞིན་བལ་ཡུལ་ནང་གནད་ཡོད་མི་སྣ་ཁག་རྡ་སར་གདན་འདྲེན་ཞུས། བལ་དོན་འོག་དེབ་སྐྱེལ་ཡོད་པའི་ཧི་མ་ལ་ཡའི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྲུང་ཆེ་དང་། ལུམ་བི་ནི་ཐེབས་རྩ་ཞེས་པའི་ཚོགས་པའི་དྲུང་ཆེ། བོད་ཀྱི་རིག་གཞུང་བསྟི་གནས་ཁང་བཅས་ཀྱི་འགན་འཁུར་གྱིས་བོད་དོན་ཐོག་ཡིག་ཆ་ཁག་བལ་སྐད་དུ་བསྒྱུར་ཏེ་འགྲེམས་སྤེལ་དྲིལ་བསྒྲགས་ཞུས་པ་སོགས་བོད་དོན་སྐོར་ལ་ཚོགས་འདུ་ཐེངས་མང་གོ་སྒྲིག་ཞུས། ལྷོ་ཨ་ཕ་རི་ཀ་དང་། ཐེ་ཝན་སོགས་ལ་མགྲོན་འབོད་བྱུང་བ་ལྟར་བོད་དོན་ཐོག་གཏམ་བཤད་ཞུས། བོད་ཀྱི་ཚོང་འབྲེལ་ལྷན་ཚོགས་ཐེངས་དང་པོའི་ཚོགས་གཞོན་གྱི་ལས་འགན་ཐོག་ཞབས་ཞུ་གནང་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །