སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

                                                

 ༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་ས་ཡིས་ཐིག་ལེར་ཁྱིམ་གཞིས་སུ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་བསམ་བཞིན་དུ་སྲིད་པ་བཟུང་སྟེ་འདི་ལོར་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར། འཛམ་གླིང་ཁྱོན་ཡོངས་སུ་སྤྲོ་སེམས་འཁོལ་བའི་ངང་རྣམ་དཀར་དགེ་བའི་ལས་ལ་འབུངས་ཤིང་བསོད་ནམས་གསོག་སྒྲུབ་ལ་བྲེལ་བའི་སྐབས་འདིར། སོར་བཅུའི་འདབ་མ་སྙིང་ཁར་བཟུང་སྟེ་༸རྒྱལ་དབང་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་ཕུལ་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མུ་མཐའ་མེད་པའི་སྐྱེ་འགྲོ་སྤྱི་དང་སྒོས་སུ་བདག་ཅག་ཉམ་ཐག་བོད་འབངས་རྣམས་ལ་མགོན་སྐྱབས་དཔུང་གཉེན། སྐྱབས་དང་རེ་ས་འཆའ་ཡུལ་༸སྐྱབས་མགོན་དོན་གྱི་བདག་པོ་ཁྱེད་ཉིད་གཅིག་པུར་ངེས་པ་ལགས་ན་མགོན་པོ་མཆོག་༸ཞབས་པད་མི་འགྱུར་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མཛད་འཕྲིན་འཇིག་རྟེན་ཀུན་ལ་དར་ཁྱབ་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

བོད་ཆོས་ལྡན་ཞིང་དེར་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་རོལ་༸རྒྱལ་མཆོག་༸སྐུ་ཕྲེང་རིམ་ཅན་དུ་༸སྐུའི་སྲིད་པ་བཟུང་སྟེ་གནས་སྐབས་དེ་དང་དེའི་འགྲོ་བ་སེམས་ཅན་མཐའ་དག་གི་ཁམས་དང་མོས་པ་ཡོངས་སུ་འཚམས་པའི་ངོ་མཚར་ཐུགས་རྗེའི་མཛད་འཕྲིན་མཐའ་ཀླས་མུ་མཐའ་མེད་པར་བསྐྱངས་པའི་རྣམ་གྲངས་ཆ་ཤས་ཙམ་ཡང་བདག་ཅག་སོ་སྐྱེའི་སྤྱོད་ཡུལ་ལས་འདས་ཤིང་བསམ་པ་དང་བགྲང་བར་དཀའ་བའི་གནས་ལགས། ལྷག་པར་དུ་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུན་མོང་སྣང་ངོའི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས་འདིར་ཆུ་ཐིགས་ཙམ་ཞིག་བཀའ་དྲིན་རྗེས་དྲན་གྱི་སླད་དུ་གསོལ་ན།

རྒྱལ་མཆོག་ཡོངས་ཀྱི་མཛད་བཟང་ཁྱེད་གཅིག་པུས།།

བདག་གིར་བཞེས་ནས་ཐུབ་བསྟན་ཡིན་ནོ་ཅོག།།

རིས་མེད་འཛིན་སྐྱོང་སྤེལ་ལ་མཐུ་ཐོབ་པ།།

འཇམ་དཔལ་ངག་གི་དབང་པོར་གསོལ་བ་འདེབས།།

ཞེས་གསུངས་པ་ཇི་བཞིན། བླ་ལྷའི་ལུང་ལྟར་བརྟག་དཔྱད་ཞིབ་ཕྲའི་ལམ་ནས་ངེས་པ་རྙེད་དེ་ལྷ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། བོད་ཀྱི་ཆབ་སྲིད་ཟུངས་ཟད་ཀྱི་གནས་སུ་གྱུར་ཟིན་པའི་སྐབས་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་མགྲིན་གཅིག་རེ་བཅོལ་ཞུས་ཏེ་ལུགས་ཟུང་ཆབ་སྲིད་ཀྱི་མཛད་ཁུར་བཞེས་ཏེ་བོད་རྒྱལ་ཁབ་དང་ཆབ་འབངས་རྣམས་འཕྲལ་ཡུན་བདེ་ཐབས་ལྷུར་བཞེས་བསྐྱངས། ཆབ་སྲིད་ཀྱི་ཐུགས་འགན་བཞེས་མ་ཐག་རྒྱ་ཁྱབ་ཆབ་འབངས་ཀྱི་བདེ་རྩར་དགོངས་ཏེ་རྐང་འགྲོ་ལག་འདོན་གྱི་ཁྲལ་དང་། ལམ་ཡིག་མི་རབས་སོང་བའི་བུན་རྙིང་སོགས་གང་སར་ཞིབ་འཇུག་གིས་རྩ་ཆག་དང་། སྐྱེད་ཆག གཏན་འཇགས་ལམ་ཡིག་ཕྱིར་བསྡུ་སོགས་ཀྱིས་མཚོན་ལེགས་བཅོས་ལས་ཁུངས་ཆེད་འཛུགས་གནང་ཡང་། རྒྱ་ནག་དམར་གཞུང་གི་དྲག་པོའི་དམག་དཔུང་གིས་ཉིན་རེ་བཞིན་གདུག་རྩུབ་ཇེ་ཆེར་ཕྱིན་རྐྱེན་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ གྱི་མཚན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རེ་ཞིག་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཆིབས་བསྒྱུར་གནང་དགོས་བྱུང་།

རྒྱ་གར་དུ་༸ཞབས་སོར་འཁོད་མ་ཐག་བོད་མི་མང་གི་བདེ་སྡུག་གནད་དོན་རྣམས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་ཞུ་འབོད་ལས་རིམ་དབུ་བཙུགས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་སླད། བཙན་བྱོལ་དུ་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བོད་མིའི་སྒྲིག་འཛུགས། སློབ་གྲྭ་ཁག། དགོན་སྡེ་དང་ཆོས་སྒར་ཁག བོད་ཀྱི་ཟློས་གར་དང་དཔེ་མཛོད་སོགས་རིག་གཞུང་གཅེས་སྐྱོང་ཁང་ཁག་གསར་འཛུགས་དང་། བོད་ཕྲུག་རྣམས་ལ་གནའ་དེང་ཤེས་ཡོན་དང་། གྲྭ་བཙུན་སྔགས་གསུམ་ལ་སློབ་གཉེར་སོགས་ཀྱི་གོ་སྐབས་བཀའ་དྲིན་བསྐྱངས་གནང་བར་བརྟེན་བོད་ཀྱི་མི་རབས་གཞོན་པ་ཚོས་རྒན་པའི་མཐུད་རྒྱག་ཐུབ་སྟེ་སྤྱི་སྒེར་སྒྲིག་འཛུགས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་འབུར་དུ་ཐོན་པ་དེའང་མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་སྐུ་དྲིན་ཉག་གཅིག་ལས་བྱུང་བ་ཡིན། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཚུལ་བཞིན་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་སྐབས་བཀའ་སློབ་ཟབ་མོ་ཕེབས་དགོངས་བཞིན། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྩལ་དོན་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་དང་སྦྲགསབོད་མིའི་མང་གཙོ་ཐོག་མར་དབུ་བརྙེས། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཉིད་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ཉིན་ནས། བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང་། སྤྱི་ཚོགས་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་གནང་མཛད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་སྤྱི་དང་། བོད་གཞུང་གི་ལས་དོན་ཡོངས་རྫོགས་འཚེ་བ་མེད་པའི་ལམ་ལ་འཁྲིད་གནང་མཛད་པ་མ་ཟད། བོད་རྒྱ་མི་རིགས་འདྲ་མཉམ་བདེ་སྡུག་མཉམ་གནས་གཉིས་སྨན་དབུ་མའི་ལམ་བཟང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་པའི་རླབས་ཆེན་གྱི་མཛད་བཟང་བསྐྱངས། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐེངས་དང་པོ་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོདང་ ཕྱི་ལོ་ ༢༠༡༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་བསྐྱངས་པའི་ཆབ་སྲིད་ཀྱི་འགན་དབང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་ཏེ། དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་སྒྲིག་འཛུགས་སུ་བསྒྱུར་གནང་མཛད། ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༨ པ་དང་། བཀའ་ཤག་སྐབས་ ༡༧ པ་འདི་ལོའི་ཕྱི་ཟླ་ ༦ ནས་ལས་དོན་དུ་བཞུགས་བཞིན་མཆིས་ལགས།

མཉམ་མེད་ཐུབ་པའི་དབང་པོའི་ལྟ་སྤྱོད་དྲི་མ་མེད་པའི་ཀློང་ནས་འཁྲུངས་པའི་བོད་ཆོས་ལྡན་ཞིང་གི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་ཀུན་གྱི་མངོན་འདོད་ཀྱི་བསམ་པའི་གཞི་རྩ་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་གྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེར་སྨན་པའི་འཇིག་རྟེན་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཕྱོགས་དུས་ཀུན་ཏུ་མཛད་མུས་མ་ཟད། ཆོས་ལུགས་ལ་མ་བསྟེན་པའི་བཟང་སྤྱོད་གོང་སྤེལ་ཆེད་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་སོགས་ཀྱི་བསླབ་གཞི་ (SEE Learning) སློབ་གྲྭ་ཁག་མང་པོའི་ནང་སློབ་འཁྲིད་ལག་བསྟར་བྱེད་བཞིན་པ། དེ་བཞིན་ནང་ཆོས་དང་ཚན་རིག་གཉིས་དབར་ཕན་ཚུན་བསམ་བློ་བརྗེ་རེས་དང་དཔྱད་ཞིབ་མཉམ་ལས་ཀྱིས་འགྲོ་བ་མིར་བདེ་སྐྱིད་བསྐྲུན་ཐབས་དང་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད་སེམས་དང་སྲོག་གི་ལྟེ་གནས་ཁང་ཞིག་ཕྱི་ལོ་ ༡༩༨༧ ལོར་བཙུགས་གནང་མཛད་པ་ནས་ད་བར་སེམས་དང་སྲོག་གི་སྐོར་ཚོགས་འདུ་ཐེངས་ ༣༩ འཚོགས་གནང་ཡོད།

༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸རྒྱལ་བའི་གོ་སྟོན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་ལོ་འཁོར་མོར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ། འཛམ་གླིང་ས་ཕྱོགས་གང་སར་བོད་མི་གནས་སྡོད་ལྟ་ཅི། ཧི་མ་ལ་ཡའི་རི་རྒྱུད་སྤུན་ཟླ་རྣམས་ཀྱིས་གཙོས། ༸གོང་ས་མཆོག་ལ་དད་གུས་རྩེ་གཅིག་ཞུ་མཁན་ཕྱི་རྒྱལ་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྣམས་ནས་༸རྒྱལ་བའི་དགོངས་གཞི་དང་མཛད་པ་འཕྲིན་ལས་དང་འབྲེལ་བའི་ལས་རིམ་སྣ་མང་བསྒྲིགས་ཏེ་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཟབ་རྒྱས་ཞུས་ཐུབ་པ་བྱུང་ཡོད་པ་མ་ཟད། ༸གོང་ས་མཆོག་གི་ཐུགས་དགོངས་ནི་གཞི་རྒྱ་ཆེ་ལ་གཏིང་ཟབ་ཅིང་། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པ་ཇི་ཙམ་བྱས་པ་དེ་ཚོད་ཀྱིས་སེམས་ཅན་ཀུན་ལ་བདེ་སྐྱིད་སྦྱིན་པ་དང་འཛམ་གླིང་ཞི་བདེར་བཀོད་པའི་ནུས་པ་ཡོད་པར་སོང་། རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཆོས་ལུགས་ཕན་ཚུན་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་ཐོག་ལ་ཚང་མས་དུས་རྟག་ཏུ་སློབ་སྦྱོང་བྱས་ཏེ། དེ་དག་ལག་ལེན་དུ་བསྟར་ཐུབ་པ་བྱ་རྒྱུ་དང་། རྒྱུན་དུ་བྱམས་བརྩེས་ཀུན་ལ་ཕན་པ་བསྒྲུབ་རྒྱུ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ལ་སོང་དེ་དོན་ཚང་མས་མཛད་ཕྱོགས་ཡོང་བའི་སྐུལ་མ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་པ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པར། བོད་ནང་བོད་ཕྲུག་ལོ་ན་མ་སོན་པ་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཁྲིད་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་གི་སྲོག་རྩ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་བྲལ་བ་ཙམ་དུ་མ་ཟད། ཕ་མའི་བྱམས་བརྩེས་ཕོངས་པའི་གནས་སུ་གྱར་ཡོད་ན། འདི་ལོའི་འགོ་སྟོད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་སྐད་ཡིག་ནི་རིག་གཞུང་གི་གནད་འགག་ཡིན་པ་ཤེས་པ་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་དོ་སྣང་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་པ་བཞིན། རང་དབང་ལུང་པར་གནས་པའི་བོད་མི་ཡིན་ནོ་ཅོག་གིས་བོད་ཕྲུག་ན་གཞོན་རྣམས་ལ་སོ་སོའི་སྐད་ཡིག་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱད་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ལས་འགན་ངོ་འཕྲོད་ཐུབ་པ་ཙམ་དུ་མ་ཟད། ན་གཞོན་རྣམས་རྒྱན་རྩེད་རིགས་དང་བག་མེད་ལོངས་སྤྱོད་ཀྱིས་རང་ཉིད་དང་ཁྱིམ་ཚང་། བོད་མི་རིགས་ཕུང་གཞིའི་ལས་ལ་མིི་འཇུག་པར་ཡ་རབས་བཟང་པོའི་སྤྱོད་པར་འབད་འབུངས་ལྷོད་མེད་གནང་གལ་གྱི་དྲན་སྐུལ་ཡང་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གནས་སྡོད་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་བ་དང་། ཨིན་ཡིག་ནང་རྒྱ་ནག་བོད་ནས་ཕྱིར་ཐོན་དགོས་(China Out Of Tibet)ཞེས་པ་སོགས་བསྣམས་ཤིང་བཀྲམ་ནས། རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་མཐར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད།

རང་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་མཐའ་མའི་ཞལ་ཆེམས་ཀྱི་བརྙན་ཐུང་ནང་། “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་རང་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་རང་ཚོ་དངོས་གནས་དྲང་གནས་ཟེར་རྒྱུ་དེ། མི་རིགས་གཅིག་གི་འཐབ་རྩོད་ཀྱི་ཆེད་དུ་གཞི་རྩའི་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་རག་གི་མ་རེད། དེ་ཡིན་པར་སོང་ང་ཚོ་བཙན་བྱོལ་གྱི་ནང་ལ་སྡོད་མཁན་དེ་ཚོས་ཤུགས་མང་ཙམ་ཞིག་རྒྱག་དགོས་འདུག་ཅེས་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ལས་དགོས་ཀྱི་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད། ད་ལྟ་ང་ཚོ་གང་གར་འགྲོ་བ་མིའི་ཐོབ་ཐང་མི་འདུག སྨྲ་བརྗོད་རང་དབང་མི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞག་རྒྱུའི་རང་དབང་མི་འདུག་ཟེར་དུས། རང་དབང་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པར་ཆགས་པ་རེད། རྒྱུ་མཚན་དེ་ཡིན་དུས་ང་ཚོ་གང་གས་ཉིན་མོ་དེ་རིང་ནས་བཟུང་སྟེ། བོད་གཞུང་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། གང་ག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དེ་རིང་ནས་བཟུང་སྟེ་ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ང་ཚོ་གང་གས་ཕྱག་ལས་གནང་རྒྱུ་དང་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག་ཅེས་དང་། ང་ཚོ་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་རེད་དཱ། རང་བཙན་རག་པ་ཡིན་ན་ང་ཚོར་གང་ག་ཡོད་པ་རེད། དེ་ཡིན་དུས་ང་ཚོར་ག་རེ་དགོས་ཀྱི་རེད། རང་བཙན་དགོས་ཀྱི་ཡོད་པ་རེད། རང་བཙན་ཆེད་དུ་ག་རེ་བྱེད་དགོས་ཀྱི་རེད། གང་གས་དཀའ་ལས་རྒྱག་དགོས་ཀྱི་རེད། དེ་མི་གང་གས་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན། བོད་རང་བཙན་རྒྱལ་ལོ། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།” ཞེས་གསུངས་པ་བཞིན་བོད་དང་བོད་དོན་ཆེད་དུ་དམ་པ་ཁོང་ནས་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་བ་ནི་བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བསུབ་ཏུ་མེད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་གཞིས་བྱེས་གཉིས་སུ་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་བཏང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱལ་སྤྱིའི་ནང་གཞུང་ཁག་དང་། གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་ཛ་དྲག་ངང་ཁྲིམས་དོན་བསྐྱར་ཞིབ་གནང་སྟེ། མི་རིགས་རྩ་གཏོར་གྱི་ནག་ཉེས་འགོག་སྡོམ་གྱི་ཐབས་ཚུལ་གང་ཡོད་བསྟེན་ཏེ་འགོག་ཐབས་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་དབུས་སའི་གཞུང་གི་དཔོན་རིགས་ཁག་ནས་དཔྱད་ཞིབ་མཐིལ་ཕྱིན་བྱས་ཏེ་བོད་ཐོག་མཁྲེགས་འཛིན་གྱིས་དྲག་གནོན་དང་། སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་གིས་དོན་ཕན་ལྡན་པའི་བོད་རྒྱ་གཉིས་དབར་དཀའ་རྙོག་སེལ་ཐབས་དགོས་པའི་གྲོས་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན།

ང་ཚོ་མི་ཡུལ་ས་མཐར་བཙན་བྱོལ་དུ་གྱར་ནས་མི་ལོ་དྲུག་ཅུ་ལྷག་བརྒལ་བའི་རིང་བོད་ཀྱི་རྩ་དོན་དང་། རིག་གཞུང་སྐད་ཡིག་སོགས་ཀྱི་ཐོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གཙོ་ཆེ་རྒྱ་གར་གཞུང་མང་གཉིས་དང་། ཨ་རི་དང་ཡུ་རོབ་གཉིས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན། ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།

མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།

ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།

སྲིད་མཐའི་བར་དུ་མི་གཡོ་རྟག་བརྟན་ཤོག ། ཅེས་དྲང་སྲོང་བདེན་དབྱངས་ཀྱིས་བསྐུལ་བ་ཇི་བཞིན་༸སྐུ་ཚེ་༸ཞབས་པད་ཆོས་བདུན་རྡོ་རྗེ་དྭངས་མའི་རང་ཁམས་སུ་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་བརྟན་པར་བཞུགས་པ་དང་། ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་འགྲུབ་པ། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་ཤར་ནས་༸ཞབས་ཀྱི་པདྨོ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་འཁོད་དེ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ལ།།