སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ ལོ་ངོ་ ༣༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་མོ་འདི་ནི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་ཁ་བ་གངས་ཅན་པའི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༡ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་མཁའ་ཁྱབ་འགྲོ་བ་ཡོངས་ལ་བདེ་བའི་འདོད་རྒུ་འཇོ་བའི་གསང་གསུམ་གྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དུས་ལས་ཡོལ་བ་མེད་པར་སྐྱོང་བཞིན་པར་ཕྲན་གྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བོད་འབངས་སྤྱི་དང་། ཁྱད་པར་མང་གཙོ་དང་། རང་དབང་། ཞི་བདེ་བཅས་ལ་དགའ་མཁན་འཛམ་གླིང་སྐྱེ་བོ་ཀུན་གྱིས་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་གཙུག་ཏུ་བཀུར་ནས་དགའ་གུས་ཡི་རངས་དང་བཅས་ཆོས་མཐུན་དགའ་སྐྱིད་དཔལ་ལ་རོལ་བའི་རྫོགས་ལྡན་གྱི་དུས་བཟང་ཞིག་ཡིན། དེ་ཡང་མཉམ་མེད་ཐུབ་པའི་དབང་པོའི་ལྟ་སྤྱོད་དྲི་མ་མེད་པའི་ཀློང་ནས་འཁྲུངས་པའི་བོད་ཆོས་ལྡན་ཞིང་གི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་ཆེས་སྙིགས་དུས་ཀྱི་འཛམ་གླིང་ས་ཆེན་འདིར་བོད་ལྗོངས་འདི་ཉིད་ཞི་བདེའི་བསྟི་གནས་ཤིག་ཏུ་བསྐྲུན་རྒྱུའི་བླ་མེད་ཀྱི་དགོངས་གཞི་ཟབ་མོས་བོད་འབངས་རྣམས་འཚེ་མེད་ཞི་བའི་ལམ་དུ་བཀྲི་བར་མཛད་ཅིང་། གཉིས་སྨན་དབུ་མའི་ལམ་བཟང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་པའི་རླབས་ཆེན་གྱི་མཛད་བཟང་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་ཀུན་གྱི་མངོན་འདོད་ཀྱི་བསམ་པའི་གཞི་རྩ་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་གྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེར་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་མཛད་བཞིན་པར་དཔྱོད་ལྡན་ཀུན་གྱིས་མངོན་པར་བསྟོད་དེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་པ་བཞིན་སྐྱེ་འགྲོའི་ཕན་བདེའི་སླད་དུ་དགྱེས་བཞེས་མཛད་པས་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་ལྟར་གསང་གསུམ་ཕན་བདེའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཕྱོགས་དུས་ཀུན་ཏུ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གྲངས་མེད་ཞུ་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་སྐབས་གཟེངས་རྟགས་ཚོགས་ཆུང་གིས། “༸གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་སྐབས་དྲག་སྤྱོད་དམ་འཚེ་བ་ཅན་གྱི་བྱ་བར་མཐའ་གཅིག་ཏུ་འགོག་རྒོལ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་བཟོད་པ་དང་གུས་བརྩི་བཅས་གཞིར་བཞག་ཐོག་ནས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་བཟང་པོ་དག་མི་ཉམས་གཅེས་སྲུང་སླད་བོད་ཀྱི་དཀའ་རྙོག་སེལ་ཐབས་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་འབད་བརྩོན་མཛད་གནང་གི་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གུས་བརྩི་ཧ་ཅང་ཆེན་པོ་དང་འགྲོ་བ་མིའི་རིགས་དང་ཁོར་ཡུག་བཅས་སྤྱི་ཡོངས་ལ་འགན་ཁུར་བཞེས་གནང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་མཛད་བཞིན་ཡོད་པ།” བཅས་ནན་ཏན་གྱིས་བརྗོད་གནང་ཡོད།

དེ་བཞིན་༸གོང་ས་མཆོག་གིས་གཟེངས་རྟགས་དགྱེས་བཞེས་མཛད་སྐབས། “གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ་གཞན་ཕན་དང་། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོར་ཉམས་ལེན་ཅི་ཐུབ་བྱེད་བཞིན་པ་འདི་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང་། འཛམ་གླིང་ཞི་བདེ་དང་། རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཚད་མེད་དྲན་པའི་སྒོ་ནས་གཟེངས་བསྟོད་འདི་བཞིན་དང་ལེན་ཞུ་གི་ཡོད། འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གྷན་རྡི་ལ་གུས་བཏུད་ཆེད་གཟེངས་བསྟོད་འདི་དང་ལེན་ཞུ་རྒྱུ་ཡིན། ལྷག་པར་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་པོའི་ཚབ་ཞུས་ཏེ་གཟེངས་བསྟོད་ཞུ་གི་ཡོད་པ་ནི་སྨོས་ཅི་དགོས། དེ་བཞིན་གཟེངས་བསྟོད་འདིས་བདེན་པ་དང་། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་སྐྱར་སྲ་བརྟན་དུ་ཕྱིན་ཡོད།” ཅེས་བཀའ་སློབ་བསྩལ་གནང་ཡོད་སྟབས། བོད་མི་རྩམ་ཟན་ཡོངས་ནས་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དགོས་དམིགས་འགྲུབ་པའི་བྱ་བར་ང་ཚོས་རྟག་ཏུ་འཚེ་བ་མེད་ཅིང་གཞན་ཕན་དང་། བྱམས་པ། སྙིང་རྗེ་སོགས་རྨང་གཞིར་ལྡན་པའི་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིར་སློབ་སྦྱོང་བྱ་རྒྱུ་དང་དེ་དག་ལག་ལེན་དུ་བསྟར་ཐུབ་པ་བྱ་རྒྱུ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཆགས་ངེས་ལ་སོང་། བོད་མི་ཚང་མས་དེ་དེ་བཞིན་གྱིས་དགོངས་པར་འཇགས་གནང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་འཛམ་གླིང་བཟའ་ཆས་ལས་གཞིའི་ཚོགས་པ་ (World Food Programme) ལ་འབུལ་གཏན་འཁེལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པའི་བརྒྱུད་ནས་འཛམ་གླིང་ནང་རང་བྱུང་དང་དམག་འཁྲུག་བཅས་ཀྱི་རྐྱེན་པས་འགྲོ་བ་མིའི་བཀྲེས་ལྟོགས་ཀྱི་དཀའ་ངལ་མཐའ་དག་སེལ་ཏེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་རྒྱུར་མུ་མཐུད་འབད་བརྩོན་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན།

༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཁྱོན་དུ་ཞི་བདེ་དང་། རང་དབང་། བདེ་སྐྱིད་བཅས་འབྱུང་ཐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་༸ཞབས་ཀྱིས་བཅགས་ཏེ་བྱམས་སྙིང་རྗེ་དང་། བཟོད་བསྲན། རང་ལས་གཞན་གཅེས། འཚེ་བ་མེད་པ། ཆོས་དང་མ་འདྲེས་པའི་བཟང་སྤྱོད། ཁྱད་པར་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་རྣམས་ནང་ཁུལ་དམ་གཙང་ཆིག་སྒྲིལ་ངང་ཞི་བདེ་མཉམ་གནས་ཡོང་ཐབས་སོགས་ཀྱི་སྐོར་དོན་ཟབ་ལ་གོ་སླ་བ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྨན་ངེས་ཀྱི་བཀའ་སློབ་རབས་དང་རིམ་པ་མང་པོ་ཕེབས་གནང་མཛད་ཡོད། བར་ལམ་ཕྱི་ལོ་ ༢༠༢༠ ལོ་མགོ་ནས་བཟུང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་བརྡལ་རྗེས་འབྲེལ་འགྲུལ་བཞུད་དཀའ་ངལ་ལ་བརྟེན། དྲ་ལམ་བརྒྱུད་བོད་ཨིན་གཉིས་གཙོས་སྐད་རིགས་འདྲ་མིན་ནང་འཛམ་གླིང་རྒྱལ་ཁབ་མང་པོའི་གནད་ཡོད་མི་སྣ་དང་། སློབ་ཕྲུག སྤྱི་སྒེར་ཚོགས་སྡེ་ཁག་བཅས་ལ་གསུང་ཆོས་དང་བཀའ་དབང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་ལུས་སེམས་གཉིས་ཀྱི་དཀའ་ངལ་ལ་གདོང་ལེན་དང་རེ་བ་བྱེད་ཕྱོགས། འགྲོ་བ་མིའི་སེམས་རྒྱུད་བཟང་པོ་གོང་མཐོར་གཏོང་བའི་ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། ལྷག་པར་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་། སྙིང་རྗེ་དང་འཚེ་མེད་ཞི་བ་དང་འབྲེལ་བའི་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་རྒྱུན་འཛིན་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་དང་བགྲོ་གླེང་སོགས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པས་རང་གཞན་ཚང་མར་ཕན་རླབས་ཆེན་པོ་འབྱུང་བཞིན་ཡོད།

༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་དང་། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ལམ་སྟོན་ཟབ་མོ་བཅས་ལ་བརྟེན་ནས་ད་ཆ་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གླེང་སྟེགས་ཐོག་སླེབས་ཐུབ་པ་བྱུང་ཡོད་པ་མ་ཟད། ཨ་རི་དང་། ཡུ་རོབ་། ཁེ་ན་ཌ། ཨིན་ཡུལ་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་གོང་འོག་གཉིས་ནང་དུས་ནས་དུས་སུ་བོད་དོན་གླེང་སློང་དང་འབྲེལ་གྲོས་ཆོད་གྲོས་འཆར་མང་དག་ཅིག་འདོན་གནང་ཡོད། དཔེར་ན་ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག་གིས་གྲོས་ཚོགས་འོག་མའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཞི་བདེ་དང་། འཆམ་མཐུན་ཡོང་ཐབས་སོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཁག་ལ་རྒྱབ་སྐྱོར་ངོས་འཛིན་གནང་གལ་ཆེ་བའི་གྲོས་འཆར་བཏོན་གནང་བར་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱིས་གྲོས་ཆོད་དུ་གཏན་འབེབས་གནང་ཐུབ་པ་དང་།

དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་ཤི་ཧོ་ལེ་ (Josh Hawley) མཆོག་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་ཆོས་དད་རང་དབང་གཏོར་བཤིག་གཏོང་ཆེད་དྲག་པོའི་སྲིད་བྱུས་ཁག་ལག་བསྟར་བྱེད་བཞིན་པ་མ་ཟད། བཙན་དབང་གིས་བོད་མི་ཚོ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་སྟེ་ངལ་རྩོལ་བྱེད་འཇུག་གི་ཡོད་པ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་གྲོས་འཆར་ཞིག་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་བ།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Mike Pompeo) མཆོག་གིས་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཉེ་ཆར་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་ཏེ་ཨ་རིས་བོད་དོན་ཐོག་རྒྱབ་སྐྱོར་གྱིི་རྣམ་པ་བཏོན་གནང་བ།

ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་གོང་འཕེལ་ཆེད་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཞིག་དྲ་རྒྱ་བརྒྱུད་ཚོགས་གནང་སྐབས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Samul D. Brownback) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གི་བྱེད་ཕྱོགས་ལ་དགག་བྱ་ཤུགས་ཆེ་གནང་བ།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ ཉིན་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་གི་སྲིད་བྱུས་ཐོག་འགན་འཁུར་བཞེས་མཁན་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ཤཱོན་སི་ཊིལ་ (Shawn Steil) ལགས་ཀྱིས་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཁེ་ཎ་ཌ་དང་རྒྱ་ནག་འབྲེལ་ལམ་ལས་དོན་ཚོགས་ཆུང་གི་བོད་དོན་ཉན་ཞིབ་ཚོགས་འདུའི་ཐོག་བོད་དོན་གླེང་སློང་གནང་བ་མ་ཟད། བོད་རྒྱ་ཞི་མོལ་ཡོང་ཐབས་སུ་རྒྱབ་སྐྱོར་དང་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུང་གནང་བ་བཅས་བྱུང་ཡོད།

གཞན་ཡང་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་ (Kamala Harris) མཆོག་རྣམ་གཉིས་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་སོ་སོར་བདམས་ཐོན་བྱུང་བ་ལྟར། རིང་མིན་ལས་འཁུར་འགོ་འཛུགས་གནང་གཏན་འཁེལ་བར་འཚམས་འདྲི་དང་སྦྲགས་གཞུང་འཛིན་གསར་པའི་སྐབས་བོད་དོན་བདེན་མཐའ་གསལ་བར་རྒྱབ་སྐྱོར་ཞལ་བཞེས་ཡོད་པ་བཞིན་བོད་མི་རྣམས་ནས་ཀྱང་རེ་འདུན་ཤུགས་ཆེ་ཞུ་བཞིན་ཡོད།

འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་འཇིགས་སུ་རུང་བའི་མཚོན་ཆ་གཏན་འགོག་དང་དོན་ཕན་ལྡན་པའི་ཕུགས་རྒྱང་རིང་པོའི་ཞི་བདེ་སྐྲུན་ཐབས་ཐོག་བཀའ་སློབ་ལམ་སྟོན་རབས་དང་རིམ་པ་མང་པོ་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༥༠ ནས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་དངོས་སུ་ལག་བསྟར་བྱེད་པར་གྲོས་འཆམ་བྱུང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་དངོས་སུ་ལག་བསྟར་བྱ་གཏན་འཁེལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཐག་གཅོད་དེར་དགའ་བསུ་དང་བསྔགས་བརྗོད་ཞུ་བཞིན་ཡོད། ཆིངས་ཡིག་དེའི་བརྒྱུད་འཛམ་གླིང་ནང་རྡུལ་ཕྲན་གོ་མཚོན་གཏན་ནས་མེད་པར་གྱུར་ཏེ་འགྲོ་བ་ཡོངས་དོན་དམ་པའི་ཞི་བདེ་བག་ཕེབས་ངང་མཉམ་གནས་ཐུབ་པའི་དུས་བཟང་ཞིག་ཤར་བའི་རེ་འདུན་ཞུ་བཞིན་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་འོག་བོད་ཀྱི་བདེན་མཐའ་གསལ་བའི་ཐབས་ལམ་དང་། བོད་མི་རྣམས་ཀྱི་ཡ་རབས་སྤྱོད་བཟང་དང་དྲན་བདེན་བཅས་ཀྱི་གཤིས་ཀར་ཡིད་མགུ་སྟེ་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གིས་བོད་མི་རིགས་ཀྱི་རང་དབང་དང་ངོ་བོ་སྲུང་སྐྱོབ་ཐོག་གང་ལ་གང་དགོས་ཀྱི་རོགས་ཕན་རྒྱ་ཆེ་གནང་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ཡིན། རྒྱ་གཞུང་ལ་ད་ཕན་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱས་པའི་སྐོར་བཟང་པོའི་བྱ་གཞག་གང་ཡང་བགྲང་རྒྱུ་མེད་ཁར། རྒྱ་ནག་ནང་ཁུལ་དང་། ཁྱད་པར་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་ཆེས་གདུག་རྩུབ་ཅན་དང་ཡ་ང་བག་ཚ་མེད་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་མུས་ཡིན། དཔེར་ན་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་འགོ་འཛུགས་ཀྱིས་རིམ་པས་ཆོལ་གསུམ་ས་ཁུལ་ཕལ་མོ་ཆེར་བོད་མི་བརྒྱ་སྟོང་ཁྲི་ཚོ་མང་པོས་ཆེས་གཞི་རྒྱ་ཆེ་བའི་ཡར་ལངས་ཞི་རྒོལ་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་ད་བར་བོད་ནང་ཁོ་ནར་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༡༥༤ ཡིས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཚུན་ཆད་མེར་བསྲེགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་ངོ་རྒོལ་གནང་ཡོད་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་པ། ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་བཤེར་བྱས་ཏེ་དངུལ་བཙན་འཕྲོག་བྱས་པ་དང་། བཙན་དབང་གིས་ཚོང་རྒྱག་བཅུག་པའི་ཉེས་འཛུགས་འོག་ལོ་ ༩ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་དབུས་ལུང་གྲོང་ནས་ཡིན་པའི་ལོ་ན་ ༣༩ ལ་སོན་པའི་བསྟན་འཛིན་ཐར་པ་ལགས་དང་ཁོང་གི་ཞང་པོའི་བུ་མོ་རང་ལོ་ ༣༦ ལ་སོན་པའི་ལྷ་མོ་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ལྷ་མོ་ལགས་འདྲི་རྩད་རྡུང་རྡེག་འོག་འདས་གྲོངས་སུ་གྱུར་བ་སོགས་ལས་གསལ་རྟོགས་ཐུབ་རྒྱུ་མ་ཟད། ཉེ་བའི་ཆར་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སྙན་ཐོ་བཏོན་ཡོད་ནའང་། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༥ འཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཞབས་སྟེགས་བཞིའི་ཆེད་དུ་འོས་ཤོག་བླུགས་ཡོད་པའི་ཁྲོད་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་ཆེས་ཤུགས་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་བཞི་བདམས་ཐོན་བྱུང་ཁོངས་རྒྱ་ནག་ཀྱང་ཚུད་པར་བློ་ཕམ་ཆེན་པོ་བྱུང་། རྒྱ་ནག་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་། སོག་པོ། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་རྒྱ་ནག་ལ་འོས་ཤོག་བླུགས་མཁན་གྱི་རྒྱལ་ཁབ་ཚོར་ཡང་ཡོད་པ་ཤེས་རྟོགས་དགོས་གལ་ཞེས་གསལ་པོར་ཞུ་འདོད་བྱུང་། རྒྱ་ནག་གཞུང་ནས་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་ཞུགས་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་གཞིར་བཟུང་ལག་བསྟར་བྱ་རྒྱུ་དང་། བོད་ཀྱིས་གཙོས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཁས་ལེན་བྱས་པ་ནང་བཞིན་ཁ་དན་ཚིག་ལ་གནས་ཐབས་ཀྱི་ལག་བསྟར་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ཐོག་རྟོག་ཞིབ་ནན་པོ་གནང་དགོས་པའི་བསྐུལ་མ་ཞུ་རྒྱུ་ཡིན།

གཞིས་བཞུགས་རྒྱ་ཆེའི་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། རིགས་ཞེན་གྱི་ལྷག་བསམ་རྣམ་པར་དག་པའི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་གདོང་ལེན་གནང་བཞིན་པར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་རྒྱལ་བའི་བཀའ་དགོངས་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་འཚེ་མེད་ཞི་བའི་སྒོ་ནས་བོད་ཀྱི་རྩ་དོན་དང་སྤྱི་བར་སྨན་པའི་ལས་དོན་ཁག་སྒྲུབ་ཐབས་དགོས་གལ་ཆེ། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་མངོན་འདོད་དང་། བདེ་སྡུག ཛ་དྲག་གི་གནས་སྟངས་བཅས་བྱེས་སུ་གནས་འཁོད་བོད་མི་རྣམས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པའི་ཐོག་ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་མགྱོགས་མྱུར་ཤར་བར་འབད་བརྩོན་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཐོབ་སླད་བོད་དོན་ཞུ་བསྐུལ་ལས་འགུལ་ལ་ཐུགས་སྣང་དང་། འགན་འཁུར། གདུང་སེམས་མཉམ་སྐྱེད། ཚད་མཐོའི་རྒྱབ་སྐྱོར་བཅས་གནང་མཁན་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་དང་། མི་མང། གྲོས་ཚོགས། གཞུང་འབྲེལ་མིིན་པའི་ཚོགས་སྡེ་ཁག་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་འབྱུང་འགྱུར་ཡང་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཤུགས་དྲག་ཞུ་རྒྱུ།

འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་བྱས་ཏེ་མི་རྒྱུ་གཉིས་ལ་ད་དུང་ཡང་དོ་ཕོག་འགྲོ་བཞིན་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། མི་མང་ཚང་མས་གཉན་རིམས་སྔོན་འགོག་ཚུལ་མཐུན་ཡོང་བར་གནས་ཡུལ་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་ལམ་སྟོན་ཡོད་པ་གཞིར་བཟུང་ཕྱག་བསྟར་ངེས་གནང་ཡོང་བ་དང་། གཉན་རིམས་དེ་བཞིན་མགྱོགས་ནས་མྱུར་དུ་ཞི་བའི་སྨོན་འདུན་ཞུ་བཞིན་ཡོད།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྐྱིད་དཔལ་ལ་མགྱོགས་ནས་མྱུར་དུ་རོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ལ།། །།