སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ནས་གདན་ཞུས་གནང་བའི་རྒྱ་གར་སྐུ་མགྲོན་རྣམ་གཉིས་ལ་མཇལ་ཁ་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ ནས་ ༢༨ བར་ཉིན་གསུམ་རིང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨན་དྷ་ར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་མུར་ཏཱིས་ (Prof.G.S.Murthy) མཆོག་དང་།  རྒྱ་གར་མཚོ་དམག་གི་དམག་དཔོན་ཟུར་པ་སྐུ་ཞབས་ར་མན་ པུ་རི་ (Vice Admiral Raman Puri (Retd)) མཆོག་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ། ཕྱི་ཚེས་ ༢༦ ཉིན་རྒྱབ་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་མཇལ་འཕྲད་དང་། དེ་རྗེས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྐུ་མགྲོན་རྣམ་གཉིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་གནང་ཡོད་པ་བཅས། །