སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ། 

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ ༡༧ ཉིན་སྒང་ཏོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག སྒང་ཏོག་ཆོལ་གསུམ་ཚོགས་ཁང་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག གཞན་སྐུ་མགྲོན་དུ་སྒང་ཏོག་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། དེ་བཞིན་ས་འཐུས་ཟབ་སྦྱོང་ཐོག་ཕེབས་པའི་ས་གནས་གཞན་གྱི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་རྣམ་པ། མི་མང་བཅས་མཉམ་ཞུགས་གནང་འདུག

​མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན་དུ། དེ་རིང་གི་དུས་ཚོད་ཁྱད་པར་ཅན་འདིར་ཚང་མས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དྲན་པའི་ཐོག་ནས་བཀའ་དགོངས་སྒྲུབ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་དང་།  དེ་བཞིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་གཞུང་འོག བོད་ནང་ཆོས་དད་རང་དབང་དང་བསམ་བློའི་རང་དབང་ཐོག་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། ང་ཚོ་བཙན་བྱོལ་རང་དབང་ནང་ཡོད་མཁན་རྣམ་པ་གཞིས་བཞུགས་བོད་མིའི་མགྲིན་ཚབ་པ་ཡིན་ཟེར་དུས། བོད་ནང་གི་གནས་སྟངས་ཐོག་སྔར་ལྷག་དོ་སྣང་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་མ་ཟད། གཞོན་སྐྱེས་ཚོར་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྐབས་ཀྱི་གནས་སྟངས་སོགས་བོད་ནང་གི་དངོས་ཡོད་ལོ་རྒྱུས་རྣམས་བཤད་ནས་ཤེས་ཐུབ་པ་བཟོ་དགོས་པ། ང་རང་ཚོ་ནང་ཁུལ་སྤྱི་ཚོགས་དྲ་རྒྱའི་ནང་ཕན་ཚུན་བཤད་རེས་བྱས་ཏེ་དུས་ཚོད་འཕྲོ་བརླག་མི་བཏང་བར། ཕར་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་བཏང་དང་གཏོང་བཞིན་པའི་གནས་སྟངས་རྣམས་སྤྱི་ཚོགས་དྲ་རྒྱ་སོགས་བརྒྱུད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཐུབ་པ་བཟོ་དགོས་པ་མ་ཟད། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་རྫུན་མ་སྤེལ་བཞིན་པར་གདོང་ལེན་གནང་དགོས་པ་གལ་ཆེན་པོ་ཡིན་གནས་སོགས་གསུངས་གནང་བ་དང་། གཞན་ཡང་བོད་མི་ཚང་མས་སོ་སོ་འདུ་སྡོད་བྱ་སའི་རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། ཡུལ་མི་རྣམས་ལ་བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེན་པོ་ཡིན་པའི་སྐོར་སོགས་བོད་དོན་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་གནས་སོགས་གསུངས་གནང་སོང་

​གཞན་ཡང་མཛད་སྒོའི་ཐོག་ས་གནས་སྒང་ཏོག་དང་། ཀ་སྦུག་སོགས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་འདུག་པ་བཅས། །