
༄༅། །རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་བསྟུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས་ཟུང་སྦྲེལ་ཐོག ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༢ ཉིན་སིམ་ལ་སཾ་བྷོ་ཊ་སློབ་གྲྭའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

སྐབས་དེའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ཇཱ་གྷཏ་ སིངྒ་ ནི་གྷི་ (Shri Jagat Singh Negi, Minister of Revenure and Horticulture, HP) མཆོག་དབུ་བཞུགས་ཐོག སིམ་ལ་སྤྱི་ཁྱབ་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ། སིམ་ལ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ལགས་ཀྱིས་གཙོས་པའི་དགེ་རྒན་སློབ་ཕྲུག་རྣམ་པ། ས་གནས་མི་མང་བཅས་མཉམ་ཞུགས་གནང་འདུག

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོ་དབུ་འཛུགས་གནང་ཞིང་། སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམ་པས་བཀྲ་ཤིས་ཞོལ་པ་འཁྲབ་སྟེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ཇཱ་གྷཏ་ སིངྒ་ ནི་གྷི་ (Shri Jagat Singh Negi, Minister of Revenure and Horticulture, HP) མཆོག་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཀྱི་སྐུ་པར་ལ་མཇལ་དར་བསྒྲོན་འབུལ་གནང་རྗེས། སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་དང་། སློབ་གྲྭའི་ངོས་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་ཐོག་འགན་ཁུར་ཞུ་ཕྱོགས་ཐོག་གསུང་བཤད་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་ཀྱིས་འགྲེམས་སྟོན་སྐོར་ངོ་སྤྲོད་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ངོ་སྤྲོད་གནང་རྒྱུའི་གལ་གནད་སྐོར་ལ་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ཇཱ་གྷཏ་ སིངྒ་ ནི་གྷི་མཆོག་གིས་ ‘༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། མང་ཚོགས་ལ་གསུང་བཤད་གནང་ཞིང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བྱམས་བརྩེ་གོང་འཕེལ་དང་། ཞི་བདེ་ཡོང་ཐབས་ཀྱི་མཛད་འཕྲིན་ལ་ཆེ་བསྟོད་དང་། དེ་བཞིན་བོད་མིའི་ངོས་ནས་མང་གཙོ་དང་། འཚེ་མེད་ཞི་བ། ཤེས་ཡོན་བཅས་ཀྱི་ཐོག་མུ་མཐུད་འབད་བརྩོན་གནང་བཞིན་པར་བསྔགས་བརྗོད་གནང་འདུག་པ་མ་ཟད། སློབ་གྲྭར་དངུལ་འབུམ་གཅིག་ཞལ་འདེབས་གནང་འདུག

དེ་ནས་སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་ལ་སྟོན་པའི་ཞལ་ཐང་ཞིག་ཕུལ་རྗེས། བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་། ༧སྐུའི་གོ་སྟོན་སྲུང་བརྩིའི་སླད་མི་མང་རྣམས་ལ་མངར་ཟས་བགོ་འགྲེམས་དང་། སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས། མཐར། སིམ་སྤྱི་ལྷག་པ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་མ་འོངས་པར་ཡང་མུ་མཐུད་ས་ཆ་བོགས་གཏོང་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག་པ་དང་། དེ་བཞིན་སྐུ་མགྲོན་གནད་ཡོད་མི་སྣ་དང་། དགེ་ལས་སློབ་ཕྲུག ས་གནས་མི་མང་བཅས་ནས་མཛད་སྒོ་ལམ་ལྷོོངས་ཡོང་བར་མཐུན་འགྱུར་རྒྱབ་སྐྱོར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། དབུ་འབྱེད་མཛད་སྒོ་གྲུབ་ཡོད་པ་བཅས།
