སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།

གཞན་ཡང་སྐབས་དེའི་མཛད་སྒོའི་ཐོག་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་སྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་མཆོག བལ་ཡུལ་གཞུང་གི་རིག་གཞུང་དང་ཡུལ་སྐོར་བློན་ཆེན་གྱི་སྐུ་ཚབ་མཁན་པོ་འཆི་མེད་ཚེ་རིང་མཆོག འབྲས་ལྗོངས་གཞུང་གི་སྐུ་ཚབ་དགོན་གནས་ལྷན་ཁང་གི་འབུམ་རམས་པ་ཕན་བུ་རྡོ་རྗེ་མཆོག གཞན་ཡང་བཀའ་ཟུར་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། སྤྱི་ཟུར། སྦེལ་ཀོབ་ལུགས་བདེ་གཉིས་དང་། ཀོ་ལི་གྷལ་དོན་ལྡན་གླིང་། ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་འདུག

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་དབུ་འཛིན་གྱི་མཚན་གནས་བཞེས་ཡོད་པ་དང་། ཁོང་གི་མཛད་པ་འཕྲིན་ལས་དེ། རྣམ་གྲོལ་གླིང་གདན་ས་འདི་དང་། འདི་ལས་འཕྲོས་པའི་བོད་ཀྱི་ཆོས་དང་། རིག་གཞུང་བཅས་གང་ཅིའི་ཐོག་ཧ་ཅང་གི་རླབས་ཆེ་བའི་མཛད་པ་བསྐྱངས་ཡོད་རེད། དཔེར་ན། སྔ་འགྱུར་སྨོན་ལམ་ལྟ་བུར་མཚོན་པ་ཡིན་ན། ཆོས་ཁས་ལེན་མཁན་དང་། ཁས་མི་ལེན་མཁན། རྙིང་མ་ཡིན་ནའང་འདྲ། མིན་ནའང་འདྲ། གང་ལྟར་ཚང་མས་རྙིང་མའི་སྨོན་ལམ་ཟེར་དུས་དོ་སྣང་བྱ་ཡུལ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡང་གཙོ་བོ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་བཀའ་དྲིན་ཡིན་དུས། རིན་པོ་མཆོག་གི་འདས་པའི་ལོ་ངོ་དྲུག་ཅུའི་རིང་བསྐྱངས་པའི་མཛད་པ་འཕྲིན་ལས་རྣམས་ང་ཚོས་རྗེས་དྲན་ཞུ་དགོས་ཀྱི་རེད།

དེ་བཞིན་༧སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་བཙན་བྱོལ་ཕེབས་པའི་རྗེས་ལ། རིས་སུ་མ་ཆད་པའི་གདན་ས་ཁག་སླར་གསོ་གནང་རྒྱུ་དེ་གལ་ཆེན་པོར་བརྩིས་གནང་ཡོད་རེད། ངོས་རང་རྡ་སར་གྲོས་ཚོགས་ནང་དུས་ཚོད་གང་འཚམས་རིང་འགན་ཁུར་ཞུས་ཡོད་རེད། ཐོག་མར་སྤྱི་འཐུས་དང་། རིམ་པས་ཚོགས་གཞོན། ཚོགས་གཙོའི་འགན་ཁུར་ཞུས་ཡོད་རེད། ད་ལྟ་ཡང་ཚོགས་གཙོའི་ལས་ཁུར་ཞུ་བཞིན་པ་རེད། དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་བཀའ་སློབ་ཞུ་རྒྱུ་སོགས་ཡོང་གི་འདུག ངོས་རང་གདན་ས་འདི་ནས་ཡོང་བ་ཞིག་ཡིན་དུས། སྤྱིར་བཏང་བཀའ་སློབ་ཀྱི་ཞོར་ལ། རྣམ་གྲོལ་གླིང་གི་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་དང་། རྣམ་གྲོལ་གླིང་གདན་སའི་བཤད་གྲྭ་འདི་རྙིང་མའི་ཆོས་བརྒྱུད་ཀྱི་སློབ་སྦྱོང་གནང་ས་ཆེ་ཤོས་ཤིག་ཆགས་བསྡད་ཀྱི་ཡོད་པ། དེ་བཞིན་རྣམ་གྲོལ་གླིང་ནས་བསླབ་པ་མཐར་སོན་བྱུང་བའི་མཁན་པོ་དང་། སློབ་དཔོན་སོགས་འབྲེལ་ཡོད་མང་པོ་ཞིག་ས་གནས་གང་སར་ཕེབས་ནས་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་ཡག་པོ་བསྐྱངས་ཀྱི་ཡོད་པ་སོགས་ཀྱི་བཀའ་སློབ་ཕེབས་ཀྱི་འདུག ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་རྗེས་ལ། མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ཡར་རྡ་སར་ཆིབས་བསྒྱུར་བསྐྱངས་ཏེ། ཕྱག་རོགས་བླ་མ་ཉི་མ་ཚེ་རིང་དང་། ངེད་གསུམ་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་དུས། རིན་པོ་ཆེ་དགོངས་པ་རྫོགས་པ་དེ་ཧ་ཅང་གི་ཕངས་པོ་རེད་ཅེས་གསུངས་གནང་སོང་། རིན་པོ་ཆེའི་མཛད་པ་འཕྲིན་ལས་ཆེ་ཤོས་དེ་བཤད་གྲྭ་བཙུགས་པ་དེ་རེད། དེ་ཁྱེད་ཚོས་མི་ཉམས་པ་བྱེད་དགོས་པ་དང་། དེའི་ཐོག་ཚང་མས་འགན་ཁུར་ཆེན་པོ་བཞེས་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་སོང་། དེ་བཞིན་བཤད་གྲྭའི་ནང་ལོགས་ལ། བཤད་གྲྭའི་སློབ་ཚན་ནང་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་འཇོག་དགོས་པའི་བཀའ་སློབ་ཡོངས་གྲགས་ཕེབས་པ་ལྟར། ང་ཚོས་འབྲེལ་ཡོད་རྣམས་ལ་ཞུས་ནས། མཐར་བཤད་གྲྭའི་རྒྱུན་ལས་རྣམ་པ་དང་། ཆེས་མཐོའི་འགན་འཛིན་རྣམས་ཀྱིས་དེའི་ཐོག་གོ་བསྡུར་གནང་ནས་བཤད་གྲྭའི་སློབ་ཚན་ནང་ལོགས་ལ་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་བཞག་ཡོད་རེད། ཐེངས་གཅིག་བཞུགས་སྒར་དུ་བླ་ཆེན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་ཆོས་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་རྣམ་གྲོལ་གླིང་བཤད་གྲྭའི་སློབ་ཚན་ནང་ཚད་ཆེན་དེ་བཞག་ཡོད་མེད་སྐོར་ང་ལ་བཀའ་རྩད་གནང་སོང་བས། སྐབས་དེ་དུས། རྣམ་གྲོལ་གླིང་བཤད་གྲྭའི་སློབ་ཚན་ནང་ཚད་ཆེན་དེ་བཞག་ཚར་འདུག་ཅེས་སྙན་སེང་ཞུས་སྐབས། ༧སྐྱབས་མགོན་རིན་པོ་ཆེ་ཧ་ཅང་གི་ཐུགས་མཉེས་པོའི་ཐོག་དེ་ཡག་པོ་བྱུང་འདུག་ཅེས་གསུངས་སོང་། ངས་དེ་ཞུ་དགོས་དོན་ནི། ༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་། ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་མཛད་པ་འཕྲིན་ལས་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ང་ཚོ་ཆོས་ཕྱོགས་ནས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག ཟེར་བ་ལྟར། དགོངས་པ་བཞེས་སྟངས་ལ་ཞིབ་ཚགས་པོས་བསམ་བློ་བཏང་སྟེ་རྒྱུས་ལོན་བྱེད་ཡོང་དུས། བབས་ས་གཅིག་འདྲ་པོའི་གནས་སྟངས་ཆགས་བསྡད་ཀྱི་འདུག ཐོག་མར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་གིས་གདན་ས་འདི་དབུ་འཛུགས་གནང་བ་དང་། དེ་བཞིན་བསྟན་འགྲོ་སྤྱིའི་ཐོག་སྐུ་ལས་ཧ་ཅང་བསྐྱོན་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་དམིགས་བསལ་རྒྱབ་སྐྱོར་གནང་བ། ཕལ་སྐད་ལ་ཞུས་ན། ངོམས་སུ་ཆོག་པ་འདྲ་པོ་ཆགས་པ་དེ། གཅིག་ནས་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་ལས་བྱུང་བའི་མཛད་འཕྲིན་དང་། དེ་བཞིན་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་མཛད་འཕྲིན་ཆགས་བསྡད་དུས། ང་ཚོས་མཉམ་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་འདྲ་པོ་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

ལོ་རྒྱུས་ཐོག་བལྟས་པ་ཡིན་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་ནང་ཆོས་ཐོག་དམིགས་བསལ་གྱི་མཛད་རྗེས་ཆེན་པོ་བཞག་ཡོད་ཅིང་། བོད་ལ་ཡོངས་གྲགས་ལྟར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ནང་ཆོས་དབུ་བརྙེས་པ་དང་། སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་སྲོལ་གཏོད། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་ནང་ཆོས་དར་ཞིང་རྒྱས། ཞེས་གསུང་གི་ཡོད་ཀྱང་། མདོ་སྔགས་ཆོས་སྡེ་ཡོངས་རྫོགས་བོད་བསྒྱུར་གྱིས་གཏན་ལ་ཕབ་སྟེ། འཆད་ཉན་ཡོངས་གྲགས་གནང་ཡོད་པ་དེ། དུས་རབས་བརྒྱད་པའི་ནང་ཆགས་བསྡད་ཀྱི་ཡོད་རེད། སྐབས་དེ་དུས། པཎྜི་ཏ་གདན་འདྲེན་ཞུ་རྒྱུ་ལས་སླ་པོ་མེད་པ་དང་། དེ་ལ་བང་ཆེན་གཏོང་དགོས་པ་མ་ཟད། འབུལ་བ་ཡང་ཆེན་པོ་འབུལ་དགོས། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གསེར་སོགས་འབུལ་བ་རྒྱ་ཆེན་པོ་ཕུལ་ནས། བོད་ལ་ནང་ཆོས་དར་ཁྱབ་བྱུང་བ་དེ། ད་བར་མི་ཉམས་པའི་རྒྱུ་གཙོ་བོ་བཀའ་འགྱུར་དང་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་བོད་སྐད་ཐོག་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་གཏོད་པ་དང་། བཤད་སྒྲུབ་གཉིས་ཀའི་ཐོག་བསྟན་པ་དར་རྒྱས་གནང་བ་ལས་བྱུང་བ་ཞིག་རེད་འདུག ཆོས་རྒྱལ་ཁྲི་རལ་པའི་སྐབས་ལ་རང་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་ཡོད་པ། ཆོས་རྒྱལ་རང་གི་ཐོག་ནས་དམིགས་བསལ་གྱིས་རྣམ་དཔྱོད་བཏོན་ནས། བསྟན་པར་སྲི་ཞུ་ཞུས་པ་ལས་བྱུང་བ་ཞིག་ཆགས་ཀྱི་ཡོད་རེད། དཔེར་ན། བོད་ལ་ནང་པ་སངས་རྒྱས་པའི་ཆོས་མ་དར་བའི་སྔོན་ལ། རྒྱ་ནག་ལ་ནང་ཆོས་དར་ཚར་བ་དང་། སྐབས་དེ་དུས་རྒྱ་ནག་གི་གོང་མ་རྣམས་ལོངས་སྤྱོད་ཆེན་པོ་ཡིན་དུས་སྐུ་རྟེན་རིགས་ཁང་པའི་ཚད་ལྟ་བུ་སངས་རྒྱས་ཀྱི་རྡོ་སྐུ་གསར་བཞེངས་སོགས་ཀྱི་ཐོག་ལ་འགྲོ་སོང་ཕོན་ཆེ་བཏང་འདུག འཆད་ཉན་གྱི་སྲོལ་དང་བསྒྱུར་བཤད་གཏིང་ཟབ་པོ་མེད་དུས་ནང་ཆོས་ལ་ཉམས་ཆག་འདྲ་པོ་བྱུང་ཡོད་དུས། རྒྱ་ནག་ནང་འཆད་ཉན་སླར་གསོ་བྱུང་ཐུབ་ཀྱི་མི་འདུག བོད་ལ་ནང་ཆོས་དར་ནས་ལོ་ངོ་སྟོང་ཕྲག་ལྷག་འགྲོ་ཡི་ཡོད་པ་དང་། ཉམས་ཆག་ཆེན་པོ་བྱུང་ཡོད་ཀྱང་། ད་ལྟའི་དུས་ཚོད་ལ་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་བཞུགས་བསྡད་ཡོད་རེད། དེ་ཡང་ཆོས་རྒྱལ་རྣམ་པས་རྒྱ་གར་གྱི་མདོ་སྔགས་རྣམས་བོད་འགྱུར་དང་། འཆད་ཉན་ཐོག་ལ་འགྲོ་སོང་བཏང་བར་བརྟེན་ནས་གནས་ཐུབ་ཡོད་རེད་བསམ་གྱི་འདུག དེ་ཞུ་དགོས་དོན་གཙོ་བོ་ནི། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་དགོན་པ་འདི་བཞེངས་དགོས་པའི་དམིགས་ཡུལ་ནི། བསྟན་པ་དང་འགྲོ་བ་ལ་ཕན་བདེ་འགྲུབ་རྒྱུ་དེ་ཡིན་པ་དང་། ང་ཚོས་ཁོང་གི་དམིགས་ཡུལ་དེ་རྒྱུན་སྐྱོང་བྱེད་ཐབས་དང་། མཛད་པ་འཕྲིན་ལས་དེ་ཇི་ལྟར་གོ་ལའི་འདིའི་སྟེང་གནས་ཐབས། རྣམ་དཔྱོད་དང་རྒྱུ་མཚན་ལྡན་པའི་ཐོག་ནས་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དར་ཞིང་རྒྱས་ཐབས་བྱེད་དགོས་པ། ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགོངས་པ་གཞིར་བཟུང་། འདས་པའི་ལོ་དྲུག་ཅུར་ཕྱིར་མིག་བལྟས་ནས། མ་འོངས་པར་ལོ་བརྒྱ་ཕྲག་མང་པོར་དུས་ཇི་སྲིད་འཇིག་རྟེན་ནམ་གནས་བར་དུ་གདན་ས་འདི་གནས་དགོས་དུས། ཐོས་པ་དང་བསམ་པ་སྔོན་དུ་འགྲོ་བའི་ཐོག་ནས་སྒོམ་པ་ཉམས་ལེན་ལ་འབད་དགོས་པ་ཆོས་ཕྱོགས་དང་། འཇིག་རྟེན་གང་གི་ཐོག་ནས་ཡིན་ནའང་། ཆ་ཚང་བ་ཞིག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་པས། དེ་ལ་འགན་ཁུར་མཁན་རྣམ་པས་དེའི་ཐོག་ལ་མ་འོངས་དགོངས་པ་ཆེ་ཙམ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

སྔོན་མའི་སྐབས་སུ་བོད་ཀྱི་ནང་ཆོས་དར་ཡུལ་འབྲུག་དང་། འབྲས་ལྗོངས། ལ་དྭགས་སོགས་ཉེ་འཁོར་དང་། རྒྱ་ནག་དང་སོག་པོ་བཅས་ནང་མཚན་གནས་རྗེས་འབྲེལ་གྱིས་བླ་ཆེན་ཁག་ཕེབས་ནས་ནང་ཆོས་དར་བ་ཙམ་རེད། དེང་གི་དུས་སུ་འཛམ་གླིང་འདིའི་ནང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ནང་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། ཉེ་ཆར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ཚོགས་འདུ་ཚོགས་པ་སོགས་དེང་སང་འཛམ་གླིང་ཡོངས་ལ་ནང་ཆོས་ཐོག་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་ཀྱི་ཡོད་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ནང་ཆོས་ལ་ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ལ་དབྱེ་བ་ཕྱེ་ནས། སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་བདེ་སྒྲུབ་ཐབས། ནང་ཆོས་ཀྱི་ཚན་རིག་དང་། ལྟ་གྲུབ་ལ་ཚང་མས་དེང་སང་གི་རིག་པའི་ལམ་ནས་སློབ་སྦྱོང་བྱེད་དགོས་པའི་གནས་བབ་ཅིག་སླེབས་ཡོང་གི་འདུག དེ་ཚོའི་ཐོག་གདན་ས་འདི་ནས་འགན་ཁུར་བཞེས་ནས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་འདུག དེ་བཞིན་སྤྱི་ཚོགས་ལ་ཞབས་འདེགས་དང་། སྤྱི་ཚོགས་ཀྱི་དང་བ་འདྲེན་ཐུབ་དགོས་པ་གལ་ཆེན་པོ་རེད།

གཞན་ཡང་རྒྱ་གར་གཞུང་དང་། མངའ་སྡེའི་གཞུང་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་གལ་ཆེན་པོ་ཡིན་པ་དང་། བོད་མི་ནང་ཁུལ་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཐུབ་དགོས་པ། རྒྱ་གར་ཡུལ་མི་ལའང་གཅིག་ཕན་གཅིག་གྲོགས་ཀྱི་ལས་གཞི་བརྩམ་ཐུབ་དགོས་པ། ཆེ་ས་ནས་བོད་ཀྱི་བསྟན་སྲིད་ཐོག་ལ་ཕན་ཐོགས་ཐུབ་པ་དང་། ཆུང་ས་ནས་གཞིས་ཆགས་འདིའི་ཡར་རྒྱས་ཐོག་མཐུན་འགྱུར་ཡོང་ཐབས་དགོས་པ་སོགས་གནང་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །