སྔ་འགྱུར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་སྐབས་བོད་མི་མང་རྙིང་མའི་སྤྱི་འཐུས་དང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག འདེམས་ལྷན་དྲུང་ཆེ་ལེགས་གྲུབ་ལགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ།

༄༅། །དེ་རིང་སྟེ་ཕྱི་ལོ་༢༠༢༥ ཟླ་ ༦ ཚེས་ ༢༩ ཉིན། སྔ་འགྱུར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་སྔ་དྲོ་གདན་ས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཆིབས་ཐོན་གྱིས་ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་སྐབས། ཀངྒ་ར་གྷ་རན་ཌི་རཱ་ཇི་གསོལ་མགྲོན་ཁང་ (Hotel Grand Raj Kangra) དུ་བོད་མི་མང་རྙིང་མའི་སྤྱི་འཐུས་དང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། མདོ་སྨད་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག འདེམས་ལྷན་དྲུང་ཆེ་ལེགས་གྲུབ་ལགས། ཤུགས་གསེབ་བཙུན་དགོན་གྱི་མཁན་རིན་པོ་ཆེ་དང་ལས་སྣེ་རྣམ་པ་སོགས་ཕེབས་བསུར་ཆེད་བཅར་ཞུས་པ་དང་། དེ་ནས་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་སུ་རི་ཡ་གསོལ་མགྲོན་ཁང་ (Hotel Surya) དུ་ཞབས་སོར་བདེ་བར་འཁོད་ཅིང་། སྐབས་དེར་མདོ་སྨད་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་གཙོས་པའི་འབྲེལ་ཡོད་ནས་ཕེབས་བསུ་སྣེ་ལེན་ཞུས་གནང་ཡོད།

གཞི་རྩའི་༸སྐྱབས་རྗེ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བཀའ་དྲིན་ བསྐྱངས་དོན་ནི། མདོ་སྨད་ཆོལ་ཁའི་༧སྐུའི་གོ་སྟོན་མཛད་སྒོ་དང་། བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ༧སྐུའི་གོ་སྟོན་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་བཅས་ཀྱི་སླད་ཆེད་ཕེབས་གནང་ཡོད་པ་བཅས།