སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ།


༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡ ཉིན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸རྒྱལ་བ་འབྲི་གུང་པ་ཆེན་པོ་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་པའི་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཀྱིས་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་དང་། ༸གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ལ་གཞུང་འབྲེལ་བརྟན་བཞུགས། ༧སྐུའི་འཁྲུངས་སྐར་དངོས་གཞི་བཅས་ཀྱི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྐབས། བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་བཅས་བཞུགས་སྒར་རྡ་རམ་ས་ལ་ནས་ཀང་རར་གཞུང་འབྲེལ་ཕེབས་བསུ་ཆེད་བཅར་ཞུས་ཏེ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་བཅས།