སྐུ་ཞབས་ཨེམ་ཀེ་ སི་ཊ་ལིན་མཆོག་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཨེམ་ཀེ་ སི་ཊ་ལིན་ (M. K. Stalin) མཆོག་གིས་སྣེ་འཁྲིད་པའི་ཌི་ཨེམ་ཀེ་ (DMK) སྲིད་དོན་ཚོགས་པར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུ་ (Tamil Nadu) མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པ་དང་། སྐུ་ཞབས་ཨེམ་ཀེ་ སི་ཊ་ལིན་མཆོག་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་ཁྱེད་ཀྱིས་སྣེ་འཁྲིད་པའི་ཌི་ཨེམ་ཀེ་སྲིད་དོན་ཚོགས་པར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུ་མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པ་དང་། སྐུ་ཉིད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༦ ལོར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བདམས་ཐོན་སྤྱི་ཁྱབ་བློན་ཆེན་མཆོག་གི་གཅུང་མོ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་ནི་མོ་ཛི་མཆོག་དང་མཇལ་འཕྲད་གནང་སྐབས།

སྐུ་ཉིད་ཀྱི་ཡབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ཌི་ཨེམ་ཀེ་སྲིད་དོན་ཚོགས་པའི་ཚོགས་ཟུར་སྐུ་ཞབས་དམ་པ་ཨེམ་ ཀ་རུ་ནཱ་ནི་དྡི་ (Shri M. Karunanidhi) མཆོག་ནི་རླབས་ཆེན་གྱི་དབུ་འཁྲིད་ཅིག་ཡིན་ཞིང་། དམ་པ་ཁོང་གིས་རྒྱ་གར་ཆབ་སྲིད་ཐོག་ལ་ནུས་པ་ཆེན་པོ་བཏོན་ཡོད་པ་མ་ཟད། ཏ་མིལ་ན་ཌུ་མངའ་སྡེའི་སྐད་དང་རིག་གཞུང་སྲུང་སྐྱོབ་ཐོག་ལའང་དེ་བས་ནུས་པ་བཏོན་གནང་ཡོད། དེས་མ་ཟད། དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་ཁོང་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་སྐུ་ཉིད་ཀྱི་གཅུང་མོ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་ནི་མོ་ཛི་ (Smt. Kanimozhi) མཆོག་དང་ལྷན་དུའང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད། སྐུ་ཉིད་ཀྱི་ཡབ་དམ་པ་དང་། ཌི་ཨེམ་ཀེ་ (DMK) སྲིད་དོན་ཚོགས་པའི་ངོས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ད་བར་ལོ་ངོ་ ༦༢ རིང་བོད་ནང་རྒྱ་ནག་དམར་གཞུང་ནས་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་ཡོད་ཅིང་། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན།

ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ས་མཚམས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད་པ་དེས། རྒྱ་གཞུང་ལ་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ཡོད་པ་དང་། རྒྱ་གཞུང་ནས་འཆར་གཞི་གཏིང་ཟབ་བཏིང་བའི་ཐོག་འཛམ་གླིང་ཡོངས་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། དེ་ཡང་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་མ་བྱས་གོང་ལ། བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ (buffer zone) ལྟ་བུར་གནས་ཀྱི་ཡོད་སྟབས། བོད་ཀྱི་གནད་དོན་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད།

རྒྱ་ནག་དམར་གཞུང་གིས་ཆེད་དུ་བཟོས་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་ལོ་གཉིས་ཙམ་རིང་མི་རྒྱུ་གཉིས་ཀྱི་དཀའ་ངལ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་པ་དེར་རྒྱ་ནག་གཞུང་ནས་འགན་ཁུར་དགོས་ཀྱི་ཡོད། ད་ལྟའི་ཛ་དྲག་གི་དུས་འདིར་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། མགྱོགས་མྱུར་ནད་ཡམས་ཀྱི་དཀའ་ངལ་འདི་ནས་གྲོལ་ཐུབ་པའི་སྨོན་ལམ་དང་རེ་བ་ཞུ་རྒྱུ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། སྐུ་ཉིད་དང་། མངའ་སྡེའི་གཞུང་ནས་བོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དེ་སྔོན་ཌི་ཨེམ་ཀེ་ (DMK) སྲིད་དོན་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་མཚུངས་འབྱུང་འགྱུར་སྐུ་ཉིད་དང་ལྷན་མཇལ་འཕྲད་གནང་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། སྐུ་ཉིད་ཀྱི་དབུ་འཁྲིད་པའི་མངའ་སྡེའི་གཞུང་དང་། སྲིད་དོན་ཚོགས་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།

ངས་སླར་ཡང་སྐུ་ཉིད་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །