གན་དྷིའི་རྗེས་འབྲངས་པ་སྐུ་ཞབས་དྷ་ཝར་ཀོ་སན་ཌར་ནི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་གནང་བ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣༡ ཉིན་སྐུ་ཞབས་དྷ་ཝར་ཀོ་སན་ཌར་ནི་ (Shri Dwarko Sundrani) མཆོག་དགུང་གྲངས་ ༩༩ ཐོག་སྐུ་ཚེའི་འཕེན་པའི་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ཟླ་ ༤ ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་དྷ་ཝར་ཀོ་ སན་ཌར་ནི་ མཆོག་ནི་བདག་ཉིད་ཆེན་པོ་གན་དྷི་མཆོག་གི་རྗེས་འབྲངས་པ་དང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་བདག་ཉིད་ཆེན་པོ་གན་དྷི་མཆོག་གི་རྗེས་འཇུག་པ་སྐུ་ཞབས་ཨཅཱརྱ་ཝི་ནོ་བ་ བྷ་ཝེ་མཆོག་དང་ལྷན་ཕྱག་ལས་གནང་ཡོད། སྐུ་ཞབས་དམ་པ་དྷ་ཝར་ཀོ་ སན་ཌར་ནི་མཆོག་གིས་སྐུ་ཚེ་ཧྲིལ་པོར་མི་མང་གི་བདེ་སྡུག་ཆེད་དུ་བློས་གཏོང་གནང་ཞིང་། ཁོང་གིས་སློབ་གྲྭ་ ༣༦༠ ལྷག་བཙུགས་པ་དང་། ཉམ་ཐག་འཁོས་ཞན་རྣམས་ལ་རིན་མེད་མིག་བརྟག་དཔྱད་དང་། དུས་ཐུང་ཞབས་ཞུ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་པོ་བསྒྲུབས་གནང་ཡོད། དམ་པ་ཁོང་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སྤྱི་ཚོགས་ལེགས་བཅོས་ཡོང་རྒྱུར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ ༡༩༥༣ ལོར་སྐུ་ཞབས་ཨཅཱརྱ་ཝི་ནོ་བ་ བྷ་ཝེ་མཆོག་དང་ལྷན་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གདན་དུ་ས་མན་ཝ་ཡ་ (Samanvaya) ཞེས་པའི་བཞུགས་གནས་ (Ashram) བཙུགས་པ་དང་། ཕྱི་ལོ་ ༡༩༦༢ ལོར་དམ་པ་ཁོང་དེའི་དབུ་འཛིན་དུ་བསྐོ་གཞག་གནང་ཡོད།

སྐུ་ཞབས་དྷ་ཝར་ཀོ་ སན་ཌར་ནི་ མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཐེངས་ཁ་ཤས་མཇལ་མོལ་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད། དེ་བཞིན་༧གོང་ས་མཆོག་དེ་སྔོན་རྒྱ་གར་རྡོ་རྗེ་གདན་ལ་ཡོད་པའི་དམ་པ་ཁོང་གི་བཞུགས་གནས་སུ་ཆིབས་བསྒྱུར་གནང་སྐབས་། ༧གོང་ས་མཆོག་གིས་སྐུ་ཞབས་དམ་པ་ཁོང་ནི་བྱམས་བརྩེ་ལག་བསྟར་གནང་མཁན་ངོ་མ་ཞིག་ཡིན་སྐོར་གསུངས་གནང་ཡོད། ཕྱི་ལོ་ ༡༩༦༠ ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་དང་། ༧གོང་ས་མཆོག་གི་གསུང་ཆོས་གནང་སྐབས་ས་མན་ཝ་ཡ་ (Samanvaya) ཞེས་པའི་དམ་པ་ཁོང་གི་བཞུགས་གནས་ (Ashram) ནས་བོད་མི་རྣམས་ལ་རྒྱུན་དུ་མཐུན་འགྱུར་གནང་གི་ཡོད། གཞན་ཡང་དམ་པ་ཁོང་གིས་བོད་མིའི་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་གནང་མྱོང་ཡོད།

དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། དེ་སྔོན་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཞི་མོལ་ཐོག་ནས་གསལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།

དམ་པ་ཁོང་ནི་འཛམ་གླིང་ཡར་རྒྱས་ཕྱོགས་སུ་འཁྲིད་རྒྱུར་རྟག་ཏུ་སྐུ་ལས་བསྐྱོན་མཁན་གྱི་དབུ་འཁྲིད་ཚད་ལྡན་ཞིག་ལ་ཚང་མས་ངོས་འཛིན་གནང་གི་ཡོད། དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་ཅེས་འཁོད་འདུག་པ་བཅས། །