སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Kunwar Bharatendra Singh མཆོག་རྡ་སར་ཕེབས་པ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Kunwar Bharatendra Singh མཆོག་འདི་ཟླའི་ཚེས་ ༡ ཉིན་རྡ་སར་གཞུང་འབྲེལ་ཐོག་ཕེབས་འབྱོར་གནང་སྟེ། སྤྱི་ལྷན་གྲོས་ཚོགས་སུ་ཕེབས་ནས་དཔལ་ལྡན་ཚོགས་གཙོ་མཆོག་མཇལ་འཕྲད་ཀྱིས་གྲོས་ཚོགས་ཚོགས་ཁང་ནང་གཟིགས་བསྐོར་ཕེབས། དགོང་དྲོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཁོང་ཉིད་ལ་ཕེབས་བསུའི་གཞུང་འབྲེལ་གསོལ་ཚིགས་འདེགས་འབུལ་གནང་། གསོལ་ཚིགས་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུངས་དོན། རྒྱ་གར་གཞུང་མང་ནས་བོད་དོན་ཐོག་བཀའ་དྲིན་ཆེན་པོ་ཡིན་པ་དང་།  བོད་ཀྱི་སྐད་ཡིག   རིག་གཞུང་བཅས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་དང་། ད་དུང་ཡང་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེར་གཏོང་གནང་དགོས་པ། སྤྱིར་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་ལྷག་རིང་འབྲེལ་བ་ཡོད་པ་མཁྱེན་གསལ་ཡིན་པ་བཅས་གསུངས། གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྐུ་མགྲོན་མཉམ་བསམ་ཚུལ་བརྗེ་ལེན་གནང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཁོང་ཉིད་ལ་སྟོན་པའི་ཞལ་ཐང་གཅིག་ཕྱག་རྟགས་ཕུལ་གནང་ཡོད།

ཕྱི་ཚེས་ ༢ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་ཟིན་རྗེས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་ཀྱང་གནང་ཡོད།

རྡ་སར་བཞུགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་དབུས་སྨན་རྩིས་ཁང་བཅས་ལ་གཟིགས་བསྐོར་ཕེབས་གནང་ཡོད། ཕྱི་ཚེས་ ༣ ཉིན་རྒྱབ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།