
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པ་ཚོགས་གནང་ཞིང་། དེ་ཉིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་དང་། སྐར་རྟགས་ཅན་གྱི་དྲི་བར་བཀའ་ལན། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པ་ཞིག་ནས་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པ་གཅིག་ལ་གསུང་བཤད་གནང་བའི་ནང་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་གསུང་བཤད་དེར་བཀའ་ཤག་ནས་ཐུགས་སྣང་བྱུང་ཡོད་མེད་དང་གལ་ཏེ་བྱུང་ཡོད་ཚེ་དགོངས་ཚུལ་ཇི་ཡོད། སློབ་སྟོན་པས་གོང་དུ་གསུངས་པའི་གནད་དོན་དེ་དག་གཏན་འཇགས་ཐབས་བྱུས་ཚོགས་འདུའི་སྐབས་ལམ་སྟོན་གནང་བ་བྱུང་ཡོད་མེད། བཀའ་ཤག་དང་ཚོགས་ཆུང་གི་སློབ་སྟོན་པས་གསུངས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་དགོས་པའི་རྒྱུ་མཚན་གཅིག་གྱུར་ཡིན་མིན་སྐོར། སློབ་སྟོན་པས་གསུངས་མོལ་དེས་མང་ཚོགས་མགོ་བོ་རྨོངས་གཞིར་གྱུར་མིན་བཅས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་ཞིག་བཏོན་པར།

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་། གསུང་བཤད་དེ་སྲིད་སྐྱོང་ལ་གཏོང་མཁན་བྱུང་ཡང་སྒེར་གྱི་དགོངས་ཚུལ་ཡིན་ཙང་བསམ་ཚུལ་གང་ཡང་མ་བྱུང་ཞེས་དང་། སྒེར་གྱིས་མཉམ་ཞུགས་གནང་བར་ལམ་སྟོན་ཞུ་དགོས་དོན་མེད་པ། བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་རྣམས་ད་བར་ཡོངས་གྲགས་ཐོག་ཡིག་ངག་གཉིས་ནས་གསལ་བཤད་གནང་ཟིན་པ། མང་ཚོགས་ཀྱིས་བཀའ་ཤག་གི་གང་གསུངས་པ་དེ་དག་ལའང་ཐུགས་སྣང་གནང་ན་མགོ་བོ་རྨོངས་མི་དགོས་པའི་གནས་སྟངས་ཡིན་པ་བཅས་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས། ཡིག་ཆ་ཨང་། ༢༢ བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གྲོས་འཆར་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེར་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་རྗེས།

སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། གཞིས་ལུས་བོད་མི་རྣམས་ཀྱི་ལྷག་བསམ་སྙིང་སྟོབས་དང་བློས་གཏོང་བཅས་ལ་ཡི་རངས་གུས་འདུད་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་དོན་ཐོག་གྱུར་བ་མེད་པར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ། རྒྱལ་སྤྱིའི་ནང་བོད་ནང་གི་གནས་ཚུལ་དྲིལ་བསྒྲགས་དང་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པ། སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་གཏོང་སྐབས་བོད་ནང་གི་བོད་མི་ཚོར་མི་གནོད་པའི་ཡིད་གཟབ་གནང་དགོས་པ། རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གཏོང་ཐབས་དང་། སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ། ༧རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུ་དང་། ཚང་མ་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་རྒྱུ། བོད་རྒྱ་འབྲེལ་མོལ་མཐུད་ཐབས་གནང་དགོས་པ་སོགས་གསུངས་རྗེས། དོན་ཚན་བདུན་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་ནས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་དྲྭ་ལམ་བརྒྱུད་དཔྱ་དངུལ་འབུལ་རྒྱུའི་གནས་བབ་སྐོར་དང་། དང་བླངས་དཔྱ་དངུལ་ལག་དེབ་ནོར་བཅོས་བྱེད་མཁན་མང་པོ་ཆགས་དགོས་དོན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར། སུད་ཚོང་བའི་བུན་གཡར་སྤར་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཀཾ་པུ་ཊར་ནང་དྲྭ་འབུ་འགོག་ཆས་མཉེན་ཆས་གསར་པ་ SentinelOne ཞེས་པ་གསར་འཛུགས་གནང་བའི་སྐོར་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་རྗེས། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་ནས་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་ཞུས་གནང་ཡོད་པ་བཅས།

