༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལོ་དུས་གཉིས་པའི་རྒྱུན་ལས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་རྒྱུན་ལས་ནས་ལས་འཁྱུར་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ལོ་གཅིག་ཧྲིལ་པོ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ལས་དོན་ལྕོགས་མིན་གྱིས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཟླ་བ་དྲུག་ལྷག་རྒྱུན་ལས་ཀྱི་འགན་ཁུར་ཞུས་རྗེས། ད་རེས་རྒྱུན་ལས་ནས་འཁྱུར་འགྲོ་ཡི་ཡོད་པ་དང་། རྣམ་པ་གསུམ་གྱི་ཐོག་ནས་རྒྱུན་ལས་ཀྱི་ལས་ཁུར་ཞུ་ཕྱོགས་ཧ་ཅང་ཡག་པོ་གནང་སོང་བས། ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་པ་གསུམ་རྒྱུན་ལས་ནས་འཁྱུར་བ་ཙམ་རེད་མ་གཏོགས། ང་ཚོ་མཉམ་དུ་མ་འོངས་པར་མུ་མཐུད་སྤྱི་པའི་ལས་དོན་ཐོག་ལས་ཀ་བྱ་རྒྱུའི་གོ་སྐབས་ཡོང་གི་རེད་ཅེས་གསུངས་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་བཅས། །