སྐབས་ ༡༧ པའི་སྤྱི་འཐུས་རྒྱུན་ལས་ལས་འཁྱུར་རྣམས་ལ་ཕེབས་སྐྱེལ་ཇ་སྟོན་བཤམས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལོ་དུས་དང་པོའི་རྒྱུན་ལས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་རྒྱུན་ལས་ནས་ལས་འཁྱུར་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། སྤྱིར་བཏང་འདས་པའི་ལོ་གཅིག་ནང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་རྣམས་ཡག་པོ་བྱུང་ཡོད་ཅིང་། ཚོགས་གཙོ་སྦྲེལ་པོར་ལས་དོན་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་ཡོད་རེད། སྐབས་རེ་ལས་དོན་ཐོག་ཚིག་མཐོ་དམན་ཏོག་ཙམ་ཡོང་གི་ཡོད་ཀྱང་། དེ་དག་ཚང་མ་སྤྱི་པའི་ལས་དོན་དང་འབྲེལ་བའི་ཐོག་ནས་ཡིན་དུས་འཁོན་འཛིན་གང་ཡང་ཡོད་མ་རེད། ད་རེས་སྤྱི་འཐུས་རྣམ་པ་གསུམ་རྒྱུན་ལས་ནས་འཁྱུར་བ་ཙམ་རེད། ད་དུང་ང་ཚོ་མཉམ་དུ་མུ་མཐུད་སྤྱི་འཐུས་ཀྱི་ལས་ཡུན་ལོ་བཞིའི་རིང་ལས་ཀ་བྱ་རྒྱུའི་གོ་སྐབས་ཡོད་རེད། དེ་ཡིན་དུས་རྣམ་པ་ཚོས་མུ་མཐུད་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱུན་ལས་ལོ་དུས་དང་པོའི་ནང་ལོགས་ལ་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ནང་སྤྱི་འཐུས་རྒྱུན་ལས་དང་། རྡ་སར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཟུར་ཉན་དུ་བཅར་རྒྱུ་བྱུང་བ་དང་། དེ་བཞིན་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་ཐེངས་གཉིས་ཕེབས་ཐུབ་པ་ཙམ་མ་ཟད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཐུབ་པ་བྱུང་ཡོད་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག གཞན་གནད་ཡོད་མི་སྣ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྣེ་ལེན་ཞུ་རྒྱུས་མཚོན་པའི་ཕན་ཚུན་བོད་དོན་སྐོར་གོ་བསྡུར་གནང་རྒྱུ་བྱུང་བ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་ཐུབ་པ་བཅས་འདས་པའི་ལོ་གཅིག་ནང་ཆབ་སྲིད་ཀྱི་ལས་དོན་སྣ་མང་སྤེལ་ཐུབ་པ་བྱུང་བ་དང་། གཞན་རྒྱུན་ལས་ཀྱི་ལས་ཡུན་དང་པོའི་ནང་ལོ་གཅིག་ལ་གྲོས་ཚོགས་ཚོགས་ཐེངས་བཞི་ཚོགས་ཐུབ་པ་བྱུང་ཡོད་ཅིང་། དེའི་སྐབས་འཛིན་སྐྱོང་གི་ལས་དོན་རེད། གྲོས་ཚོགས་ཀྱི་ལས་དོན་བཅས་ཚང་མ་རྒྱུན་ལྡན་ལྟར་འགྲོ་ཐུབ་རྒྱུར་ཚང་མས་ནུས་པ་མཉམ་སྤུངས་བྱས་ནས་ཡག་པོ་བྱུང་ཡོད་རེད། སྤྱི་འཐུས་ཀྱི་ལས་དོན་ཐོག་ལ་ཞུས་ན། སྤྱི་འཐུས་རྣམ་པ་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་འཚམས་གཟིགས་སུ་ཕེབས་པ་དང་། དེ་ནས་ས་བགོས་ཕེབས་དང་ཕེབས་བཞིན་ཡོད་རེད། ཉེ་ཆར་སྤྱི་འཐུས་ནང་ཁུལ་ཐབས་བྱུས་ཚོགས་འདུ་ཚོགས་པ་སོགས་འདས་པའི་ལོ་གཅིག་ནང་གཞི་རིམ་གྱི་ཆབ་སྲིད་ཐོག་ནས་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཐོག་ནས་ཡིན་ནའང་གང་ལྟར་རྨང་གཞི་དེ་ཡག་པོ་ཞིག་བཏིང་ཐུབ་སོང་བསམ་པ་དྲན་གྱི་འདུག དེ་ཡིན་དུས་རྒྱུན་ལས་ཚང་མས་ལས་དོན་དེ་དག་ཐོག་ནུས་པ་མཉམ་སྤུངས་གནང་ཡོད་དུས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱུན་ལས་འཁྱུར་མཁན་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་བཅས། །